༢༠༡༥ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅།།སུ་ཝི་ཌེན་Swedenབོད་རིགས་ཚོགས་པས་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༥ ཉིན་སུ་ཌེན་རྒྱལ་ས་སི་ཊོཀ་ཧོམ་ Stockholm ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་གནང་འདུག
སྐུ་པར་འགྲེམས་སྟོན་དེ་བཞིན་སུ་ཝི་ཌེན་བོད་རིགས་ཚོགས་པ་དང་། སུ་ཝི་ཌེན་ཁུལ་གནས་སྡོད་བོད་རིགས་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་དང་། བསང་གསོལ། ༸གོང་ས་མཆོག་གི་མཛད་རྣམ་བོད་སྐད་དང་སུ་ཝི་ཌེན་སྐད་ཡིག་ཐོག་ངོ་སྤྲོད་དང་ གློག་བརྙན་བསྟན་འདུག་པ་མ་ཟད། བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་གཏམ་བཤད་སོགས་གོ་སྒྲིག་ཞུས་འདུག
ཐེངས་འདིའི་པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ཁག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་མཛད་པ། མགོན་པོ་གང་ཉིད་མཆོག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་པ་ཁག དེ་བཞིན་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་བཅས་ཡིན་འདུག
གཞན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཚན་པའི་སྐོར་དང་། ཐེངས་འདིའི་པར་རིགས་འགྲེམས་སྟོན་གྱི་སྐོར་ངོ་སྤྲོད་ཐུང་ཙམ་ཞིག་གནང་རྗེས་༸གོང་ས་མཆོག་གི་མཛད་རྣམ་དང་། མགོན་པོ་གང་ཉིད་མཆོག་གི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཏུ་བོད་མིའི་དོན་དུ་ཞི་བདེ་དང་། བྱམས་བརྩེ་སོགས་གོང་མཐོར་གཏོང་གནང་མཛད་དང་མཛད་མུས་ཡིན་སྐོར་བཀའ་སློབ་ལམ་སྟོན་སྩལ་བ་ཁག་ངོ་སྤྲོད་གནང་།
ཕྱོགས་མཚུངས་ཕྱི་ཚེས་ ༦ ཉིན་སུ་ཝི་ཌེན་རྒྱལ་ས་སི་ཊོཀ་ཧོམ་ཏུ་རྟེན་གཞི་བྱས་པའི་ནོ་བེལ་འགྲེམས་སྟོན་ཁང་དུ་གོང་གསལ་ལྟར་པར་རིགས་འགྲེམས་སྟོན་དང་གློག་བརྙན་བསྟན་ཡོད་འདུག
སྤྱིར་ནོ་བེལ་འགྲེམས་སྟོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་འཁོད་པའི་ཞབས་སྟེགས་དང་། མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ པའི་ནང་འགྲེམས་སྟོན་ཁང་དེར་ཆིབས་སྒྱུར་མཛད་སྐབས་དྲན་རྟེན་དུ་གསོལ་སྩལ་མཛད་པའི་མགོན་པོ་གང་ཉིད་མཆོག་གི་སྤྱན་ཤེལ་དང་། ཞལ་འདོན་ཕྱག་དེབ། ཕྱག་སྨྱུག་གཅིག་བཅས་ཡོད་འདུག