༢༠༡༥ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་ཁུལ་གྱི་ས་གནས་མང་ཚོགས་ལ་བོད་དང་བོད་མིའི་སྐོར་གྱི་པར་རིགས་འགྲེམས་སྟོན་གྱི་སྐོར་བསྐྱོད་ལས་གཞི་འགོ་འཛུགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་རྡོར་གླིང་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་སུ་རྡོར་གླིང་ས་གནས་འགོ་འཛིན་རིག་འཛིན་རྡོར་རྗེ་ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་སྦྲགས། ཐེངས་དེའི་འགྲེམས་སྟོན་གྱི་མཚན་བྱང་དུ་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་འཚམས་འདྲི་ཞུ། ཞེས་འཁོད་ཡོད་འདུག འགྲེམས་སྟོན་ནང་འཕགས་བོད་ཨིན་གསུམ་སྐད་ཡིག་ནང་འགྲེལ་བཤད་ཡོད་པའི་སྐུ་པར་ ༣༨ ཙམ་རྒྱ་ཆེའི་མང་ཚོགས་རྣམས་ལ་འགྲེམས་སྟོན་གནང་འདུག་པ་མ་ཟད། རྡོར་གླིང་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་མང་ཚོགས་ཀྱི་སེམས་ནང་འཚོར་ཤུགས་སྦྱིན་ཆེད་བོད་ཀྱི་དངོས་འབྱུང་ལོ་རྒྱུས་ཀྱི་གློག་བརྙན་ཞིག་ཀྱང་བསྟན་ཡོད་འདུག ས་ཁུལ་དེར་ཉིན་གྲངས་གསུམ་རིང་འགྲེམས་སྟོན་གནང་རྒྱུ་ཡིན་པ་དང་། འགྲེམས་སྟོན་ཐོག་བོད་རིགས་གཙོ་བོར་གྱུར་བའི་ས་གནས་ཡུལ་མི་དང་། ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ཆིག་སྟོང་ཙམ་གྱིས་མཉམ་བཞུགས་དང་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་འདུག ཕྱོགས་མཚུངས་ཕྱི་ཚེས་ ༡༢ ནས་ ༡༣ དང་། ཕྱི་ཚེས་ ༡༧ ནས་ ༡༩ བཅས་ལ་རྒྱ་གར་བྱང་ཤར་ཀ་སྦུག་དང་སྒང་ཏོག་གཉིས་སུ་སྐོར་བསྐྱོད་འགྲེམས་སྟོན་ལས་གཞི་རྒྱ་ཆེར་གནང་རྒྱུ་ཡིན་འདུག །