༢༠༡༥ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་རྣམས་ཐུན་མོང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་དང་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་ཡོད་སྟབས། ཕ་རན་སིའི་གྲོས་ཚོགས་ནང་དགའ་སྟོན་གྱི་མཛད་སྒོའི་ཐོག་ནས་སྲུང་བརྩི་ཞུས་འདུག སྐབས་དེར་གྲོས་ཚོགས་འཐུས་མི་དང་མཁས་དབང་། གསར་འགོད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ། བོད་རིགས་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ལྷན་འཛོམས་ཐོག་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག དེ་ཡང་དུས་སྟོན་གྱི་མཛད་སྒོར་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མཱེ་ཀལ་རེ་སོན་ Michel Raison མཆོག་གིས་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་སྤེལ་ཕྱོགས་སོགས་སྙན་སྒྲོན་རྒྱས་པར་ཞུས།
དེ་རྗེས་སྦར་སིལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་། གྲོས་ཚོགས་གོང་མའི་ཚོགས་གཞོན་ཨེན་དྲི་ཡ་ག་ཏོ་ལིན་ André Gattolin མཆོག་གིས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་སྐོར་ཡུ་རོབ་དང་ཨ་རིའི་ནང་ཡོད་པའི་རྒྱལ་ཁབ་ལྔའི་ནང་༸གོང་ས་མཆོག་ལ་བརྩི་བཀུར་ཇི་འདྲ་ཞུ་བཞིན་པའི་འོས་ཤོག་བསྡུ་ལེན་བྱས་པའི་གྲུབ་འབྲས་མགོན་པོ་གང་ཉིད་མཆོག་གི་སྐུའི་འཁྲུངས་ཚེས་ཏེ་ཕྱི་ཚེས་ ༦ ཉིན་བཏོན་གནང་འདུག སྐབས་དེར་ཁོང་གིས་གསུང་དོན། ཐེངས་དེའི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐོར་འཛམ་གླིང་མི་མང་གི་བསམ་ཚུལ་དང་། ལྷག་པར་ཕ་རན་སི། ཇར་མ་ནི། ཨི་ཊ་ལི་བཅས་ཀྱི་ནང་དཔྱད་ཞིབ་ཀྱི་ལམ་ནས་བསམ་ཤོག་བསྡུ་ལེན་བྱས་པ་དེ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་འཕྲིན་ཐོག་བཟང་ཕྱོགས་ཀྱི་རྣམ་པ་གསལ་པོ་ཞིག་མངོན་ཐུབ་པ་བྱུང་ཡོད།
འོས་ཤོག་གམ་བསམ་ཤོག་བསྡུ་ལེན་གྲངས་བཤེར་བྱེད་སྐབས་ཕ་རན་སི། ཇར་མ་ནི། ཨི་ཊ་ལི་བཅས་ཀྱིས་ནང་བརྒྱ་ཆ་ ༩༠ ཐམ་པས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཚད་མཐོ་བའི་བཟང་ཕྱོགས་ཀྱི་བསམ་ཚུལ་འོས་ཤོག་འཕེན་པ་བྱུང་འདུག དེ་བཞིན་གྲོས་ཚོགས་གོང་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་བླ་བྲང་དགའ་ལྡན་ཕོ་བྲང་དང་། འབྱུང་འགྱུར་བོད་དེ་དེང་རབས་ཅན་གྱི་མང་གཙོར་འགྱུར་རྒྱུའི་སྐོར་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས། བཅས་ཀྱི་ཐོག་བགྲོ་གླེང་ལྷན་ཚོགས་གནང་འདུག བགྲོ་གླེང་གླེང་སྟེགས་ཀྱི་ལས་རིམ་ནང་གསུང་བཤད་དམ་གླེང་སློང་གནང་མཁན་དྭགས་པོ་རིན་པོ་ཆེ་མཆོག་དང་། ཕ་རན་སིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཙུན་པ་མེ་རི་ཀྲི་ལ་བོ་སི་མ་ཀྲ་ Ven. Marie-Stella ལགས། མི་རིགས་རིག་པ་དང་བོད་རིག་པའི་ཞིབ་འཇུག་ཆེད་ལས་གནང་མཁན་སྐུ་ཞབས་མར་ཀྲིན་བོ་རིན་ Martin Brauen ལགས། སྦར་རི་སིལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་བཅས་ཡིན་འདུག དྭགས་པོ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༦༠ ནང་ཕ་རན་སིར་ཐོག་མར་སྐྱབས་བཅོལ་ཕེབས་མཁན་གྱི་ཆོས་ལུགས་དབུ་ཁྲིད་ཀྱི་གྲས་ཤིག་ཡིན་པ་དང་། མཛད་སྒོའི་ཐོག་ཁོང་གིས་ཕ་རན་སི་གྲོས་ཚོགས་གོང་འོག་གཉིས་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོ་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག གཞན་ཡང་སྐབས་དེར་ཕ་རན་སིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པ་ཀྲིག་བོ་ལོ་ཆི་ Patrick Bloche ལགས་ཀྱིས་འཚོར་ཤུགས་ཆེན་པོས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ང་ཚོས་འབུལ་བའམ་ཕྱག་རྟགས་ཡག་ཤོས་ནི་ང་ཚོ་ཆབ་སྲིད་མི་སྣ་དང་གྲོང་སྡེའི་སྤྱི་ཁྱབ་པ། དེ་བཞིན་མི་སྒེར་སོ་སོ་བཅས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་དགོས་པ་དེ་རེད། བོད་དོན་ལ་རྒྱབ་སྐྱོར་བྱས་ནས་ང་ཚོར་ཆབ་སྲིད་ཀྱི་ཁེ་དབང་གང་ཡང་ཐོབ་ཀྱི་མེད་སྟབས། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་དེ་ནི་ལྷག་བསམ་རྣམ་དག་གཅིག་ཡིན། ཞེས་གསུང་བཤད་གནང་། དགོང་དྲོར་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཕ་རན་སི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དགོང་དྲོའི་གསོལ་སྟོན་རྒྱས་པ་ཞིག་ཕུལ་ཡོད་པ་བཅས། །