ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༢ ཉིན་གྱི་སྔ་དྲོར་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་དབང་མོ་ལགས་རྒྱ་ནག་གཞུང་གི་བཙོན་ཁང་ཞིག་ནས་གློད་བཀྲོལ་བཏང་ཡོད་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་ཞེ་ཆེན་དང་མ་རྒྱལ་གཉིས་ཀྱི་བུ་མོ་རང་ལོ་ ༢༢ ཙམ་སོན་པའི་དབང་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་སྐད་འབོད་བྱེད་བཞིན་༸གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་ཡུལ་ཚོའི་གཞུང་ལམ་དུ་གོམ་འགྲོས་བྱས་རྗེས་ཁོང་མོ་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༢ ཉིན་གྱི་སྔ་དྲོར་རྒྱ་ནག་གཞུང་གི་བཙོན་ཁང་ཞིག་ནས་གློད་བཀྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་སྐབས་ནང་མི་སྤུན་ཉེ་དང་། ས་གནས་བོད་མི་མང་པོས་འཚམས་འདྲིའི་ཁ་བཏགས་དང་གོས་ཆེན་སོགས་གཡོགས་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག