༢༠༡༥ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༤ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཨོ་ཀུ་ར་ Hotel Okura གསོལ་མགྲོན་ཁང་དུ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་དང་སྦྲགས་དགའ་སྟོན་གྱི་མཛད་སྒོ་འཚོགས་ཡོད། དེ་ཡང་སྐུའི་འཁྲུངས་སྐར་དུས་ཆེན་གྱི་འདུ་འཛོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཉི་ཧོང་གི་གནད་ཡོད་མི་སྣ་དང་། བོད་དོན་རྒྱབ་སྐྱོར་བ། བོད་རིགས་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་རིང་འགྲོ་བ་མི་རིགས་ཀྱི་བདེ་རྩར་སྨན་པའི་ཆོས་ལུགས་མཐུན་སྒྲིལ་དང་། བྱམས་བརྩེ་དང་སྙིང་རྗེ་བཅས་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་ཐོག་ཐེངས་འདིར་སྐུའི་འཁྲུངས་སྐར་སྤྲོ་སྣང་ལྡན་པ་ཞིག་ཐོག་སྲུང་བརྩི་ཞུས་འདུག གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་ཆེད་ཕེབས་སྐུ་མགྲོན་རྣམ་པ་བཞུགས་གྲལ་དུ་འཁོད་མཚམས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།
དེ་རིང་ནི་འཛམ་གླིང་ཁྱོན་ཡོངས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཕྱག་རྟགས་ཡག་ཤོས་ནི། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་དེ་དག་རང་གི་ཉིན་ཞག་ཕྲུག་གཅིག་ནང་ཉམས་ལེན་གནང་རྒྱུ་དང་། གང་ཉིད་ཀྱི་ཐུགས་རེ་མཛད་བཞིན་པ་དེ་དག་དོན་ཁྱོལ་ཡོང་བ་བྱ་རྒྱུ་དེ་སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་ཡིན། ཉི་ཧོང་གཞུང་མང་གཉིས་ཀྱིས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ཚོར་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་དེ་ལྟར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་རྒྱུན་རིང་བོད་ཀྱི་གྲོགས་པོ་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཡ་ཤི་ད་ཤོ་ཡུ་ Yoshida Shoyuu མཆོག་དང་། མ་ཀི་ནི་སེན་སི་ཨཱ Makino Sensei མཆོག དེ་བཞིན་མི་རིགས་རིག་པ་བ་དང་། བོད་པའི་གྲོགས་པོ་ཝ་ཏ་ན་བི་སན་སི་ Watanabe Sensei ལགས་བཅས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་རིང་བྱམས་པ་དང་བརྩེ་བ་སོགས་གོང་སྤེལ་གཏོང་ཆེད་བཀའ་སློབ་ལམ་སྟོན་སྩལ་བ་དེ་དག་ལ་ཆེ་བསྟོད་ཞུ་སླད་བསྟོད་ཚིག་ལན་མང་ཕུལ་ཡོད། དུས་ཆེན་ཐོག་འདུ་འཛོམས་གནང་བའི་མི་མང་ཚོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུ་སླད་དམིགས་བསལ་ཕྱོགས་སྒྲིག་ཞུས་པའི་བརྙན་འཕྲིན་ཞིག་ཡོད་པ་དེ་ཉི་ཧོང་སྐད་ཡིག་ནང་ཕབ་བསྒྱུར་ཞུས་ཏེ་མང་ཚོགས་ཁོང་རྣམས་ལ་བསྟན་ཡོད།
དེ་བཞིན་ཉིན་དགུང་གོ་ཀོག་ཇི་ནང་པའི་དགོན་པར་༸གོང་སམཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་འདུག
སྤྱིར་ཐེངས་འདིར་༸སྐུའི་གྱ་སྟོན་མཛད་སྒོའི་སྐབས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བོད་གཞས་དང་ཉི་ཧོང་བཅས་གཞས་སྣ་ཁག་གཅིག་འཁྲབ་སྟོན་དང་། རོ་བཅུད་ལྡན་པའི་ཟས་རིགས་སྣ་མང་ལ་རོལ་ཏེ་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་ལེགས་གྲུབ་བྱུང་འདུག