༢༠༡༥ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་བཏང་གནས་ནང་འཁོད་དོན། གནས་མཆོག་རྡོ་རྗེ་གདན་དུ་༸དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྐབས་ཆོས་ཞུ་བ་རྣམས་དྲྭ་ཐོག་ནས་ཐོ་འགོད་བྱེད་ཕྱོགས་ཀྱི་གསལ་བསྒྲགས།
གསལ་བསྒྲགས་འདི་བཞིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༤ ནས་ཚེས་ ༢༥ བར་༸དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གནང་གཏན་འཁེལ་བའི་སྐབས་ཆོས་ཞུ་གནང་མཁན་གྲྭ་བཙུན་རྣམས་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་། ཕྱི་རྒྱལ་བ་རྣམས་ཀྱི་ཆེད་དུ་ཡིན་པ་དང་། དེ་ཡང་གོང་ཞུས་ཆོས་ཞུ་བ་ཚོས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་དྲྭ་རྒྱ་www.kalachakra2016.net དམ་ཡང་ན། www.kalachakra2016.in གཉིས་གང་རུང་བརྒྱུད་དེ་དྲྭ་ཐོག་ནས་ཐོ་འགོད་གནང་རྒྱུའི་ཆ་རྐྱེན་ཡོད་པ་ལྟར་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་།
དྲྭ་ཐོག་ཐོ་འགོད་ཞུས་པ་རྣམས་ནས་གསུང་ཆོས་ངོ་སྤྲོད་ལག་འཁྱེར་རྡོར་གདན་དུ་ཐོ་འགོད་ཁང་ནས་བཞེས་དགོས་དང་། དེའི་ཆེད་ཐོ་འགོད་འགེངས་ཤོག་དང་མཉམ་དུ་ཕྱི་རྒྱལ་ཆོས་ཞུ་བ་ཚོས་རང་ཉིད་ཀྱི་ལག་འཁྱེར་ (Passport) དང་། ཧི་མ་ལ་ཡའི་རི་བརྒྱུད་མི་མང་རྣམས་ནས་སོ་སོའི་ལག་འཁྱེར་རམ། ཨཱ་རྡར་ངོ་སྤྲོད་ལག་ཁྱེར། ཡང་ན་འོས་བསྡུའི་ལག་ཁྱེར་ (Passport or Aadhaar Card or Voter ID) གང་རུང་། དེ་བཞིན་བོད་རིགས་གྲྭ་བཙུན་རྣམས་ནས་དཔྱ་ཁྲལ་ལག་དེབ་བམ་རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་(Green Book or RC)གང་རུང་ངེས་པར་དགོས། གནས་མཆོག་རྡོར་གདན་དུ་དུས་དབང་དངོས་གཞིའི་སྐབས་མི་ཚོགས་སོགས་ཧ་ཅང་ཆེན་པོ་ཡོང་རྒྱུར་བརྟེན་དེ་གར་བཙུགས་པའི་ཐོ་འགོད་ཁང་དུ་ཚང་ཁ་དང་དུས་འགོར་སོགས་མི་ཡོང་ཆེད་སྔོན་ཚུད་ནས་དྲྭ་ཐོག་ཐོ་འགོད་གནང་སྐྱོང་ཡོང་བ་དང་། ཐོ་འགོད་ཀྱང་ལས་སླ་པོའི་ཐོག་ནས་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།
དྲྭ་ཐོག་ཐོ་འགོད་དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ གི་མཚན་མོའི་ཚོུད་ ༡༡ དང་སྐར་མ་ ༥༩ བར་གནང་ཐུབ། དེའི་ནང་ཚུད་ལ་དྲྭ་ཐོག་ནས་ཐོ་འགོད་གནང་མ་ཐུབ་པ་ཚོས་གནས་མཆོག་རྡོར་གདན་དུ་ཐོ་འགོད་ཁང་རང་དུ་དུས་དབང་སྐབས་ཐོ་འགོད་བྱ་འཐུས། དྲྭ་ཐོག་ཐོ་འགོད་བྱས་པའི་དོ་བདག་གི་འབྲེལ་ཡོད་གནས་ཚུལ་རྣམས་འདི་ག་ལས་ཁུངས་ནས་གལ་འགངས་ཆེན་པོའི་སྒོ་ནས་རྟོགས་ཞིབ་དང་ཉར་ཚགས་བྱེད་རྒྱུ་ཡིན་པ་བཅས་དགོངས་འཇུགས་ཞུ།