༢༠༡༥ ཟླ་ ༧ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་གསལ། འདི་ལོ་ནི་འཛམ་གླིང་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་རང་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་བལྟམས་ནས་དགུང་གྲངས་བརྒྱད་ཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཡིན་པ་ལྟར། བྱེས་འཁོད་བཙན་བྱོལ་བ་སྨོས་ཅི། གཞིས་ལུས་བོད་མི་ཚོས་ཀྱང་རྒྱ་ནག་གཞུང་གི་དམ་བསྒྲགས་བསུན་གཙེར་སྣ་ཚོགས་ལ་མ་འཇིགས་པར་རྣམ་པ་འདྲ་མིན་གྱི་ཐོག་ནས་༸སྐུའི་གྱ་སྟོན་སྲུང་བརྩི་གནང་འདུག
དེ་ཡང་བོད་ཀྱི་ས་ཁུལ་སྤྱི་དང་། ལྷག་པར་དུ་མདོ་སྟོད་སྨད་ས་ཁུལ་མང་པོའི་ནང་ཞབས་རིམ་སྒྲུབ་གསོག་དང་། མཆོད་རྟེན་བཞེངས་སྐྲུན། སྐུ་ཚེའི་ཚེ་སྒྲུབ། ཤས་ཟོག་ཉོས་ནས་སྲོག་བླུ་བཏང་པ། བསངས་གསོལ་དར་འཛུགས། མ་ནི་གཟུངས་སྔགས་འདོན་གསོག་སོགས་ཆོས་ཕྱོགས་ཀྱི་རྣམ་པའི་ཐོག་ནས་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་མ་ཟད། ཁག་གཅིག་ནས་གཅིག་ལ་གཅིག་བརྒྱུད་ཀྱིས་༸རྒྱལ་བའི་བརྟན་བཞུགས་བསྟར་འབུལ་ལ་ཞལ་འདེབས་ཀྱང་གང་འཚམ་ཕུལ་འབྱོར་བྱུང་ཡོད་འདུག
ལྷག་པར་དུ་ཉེ་ཆར་གཟའ་སྐར་དགེ་བའི་དུས་ཚེས་ཡིན་པའི་བོད་ལུགས་འཁྲུངས་སྐར་ཏེ། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། ༸གོང་ས་མཆོག་གི་བཀའ་སློབ་ཕེབས་པའི་ནང་། ངོས་རང་སྨན་པས་ད་དུང་ལོ་ཉི་ཤུ་སྡོད་རྒྱུར་ཐེ་ཚོམ་མི་འདུག ཅེས་བརྗོད་ཀྱི་འདུག ས་གནས་ཚང་མར་བརྒྱད་ཅུ་ལོན་པའི་གྱ་སྟོན་བྱེད་ཀྱི་འདུག་པ་ལྟར། ལོ་དགུ་བཅུར་བསླེབས་སྐབས་དགུ་སྟོན་བྱེད་ཤོག་ཨང་། ཞེས་དང་།
ཡང་༸གོང་ས་མཆོག་ནས་བོད་གངས་ཅན་ལྗོངས་ལ་ད་ལྟ་རང་དབང་ཡོད་མ་རེད། དེ་འདྲ་ཡིན་དུས་ས་ཁུག་ལུང་ཁུག་དེ་འདྲར་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ལ་ཚང་མས་སྨོན་ལམ་བརྒྱབ་པ་དང་། དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད་པ་རེད། ས་ཁུལ་མང་པོ་ཞིག་ལ་རང་དབང་མེད་སྟབས་འདི་བྱེད་ཆོག་གི་ཡོད་པ་མ་རེད། དེ་འདྲ་ཡིན་དུས་གང་ལྟར་སེམས་ནང་དམིགས་བསལ་དད་པ་དང་འདུན་པ་རྩེ་གཅིག་ཡོད་པ་ཡིན་དུས། ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་ཡིན་ནའང་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་པའི་བཀའ་སློབ་དེ་དག་དེང་དུས་ཀྱི་སྤྱི་ཚོགས་དྲ་ལམ་བརྒྱུད་བོད་ནང་ཁྱབ་རྗེས་ཧ་གོ་མཁན་ཚོར་ནད་ཧ་ཅང་ལྗིད་པོ་ན་མཁན་ཞིག་ལ་འཆི་མེད་རིལ་བུ་ཐོབ་པ་ལྟ་བུའི་དགའ་ཚོར་དཔག་མེད་བྱེད་ཀྱི་ཡོད་པ་རེད་འདུག
དེ་ལྟར་གཞིས་ལུས་བོད་མི་ཚོས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་དང་ཞུ་བཞིན་པའི་གནས་ཚུལ་ཁ་གསལ་པོ་དང་། ཞིབ་ཚགས་པོ་འདིར་འགོད་ཐབས་མ་གྱུར་ཡང་། གྱ་སྟོན་སྲུང་བརྩི་ཞུས་པའི་སྐུ་པར་ཁག་གཅིག་བསྡུ་རུབ་ཀྱིས་མཚོན་དོན་ཙམ་དུ་འདིར་བཞག་ཡོད། རྒྱ་ནག་གཞུང་གིས་དེང་སྐབས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་བསུན་གཙེར་ཆེ་དབང་གིས་གཞིས་ལུས་བོད་མི་རྣམས་ལ་ལུས་སེམས་གཉིས་ཀྱི་སྐུ་ངལ་སྣ་ཚོགས་ཤིག་ཡོད་ཀྱང་། ཆོས་ཕྱོགས་ཀྱི་རྣམ་པ་ཁོ་ནའི་ཐོག་ནས་༸སྐུའི་གྱ་སྟོན་སྲུང་བརྩི་གནང་བར་བྱེས་འཁོད་བོད་མི་རྣམས་ཀྱིས་དད་འདུན་དང་སྙིང་སྟོབས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། །