༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣ ཉིན་ཁལ་མུཀ་ཀྱི་རྒྱལ་ས་ཨི་ལི་སི་ཊར་རྟེན་གཞི་བྱས་པའི་ Basangov State Drama Theatre ཞེས་པའི་འཁྲབ་སྟོན་ཁང་དུ་༸སྐུའི་གྱ་སྟོན་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་གྱི་རྟེན་འབྲེལ་མཛད་སྒོར་བོད་ཀྱི་ཟློས་གར་ཚོགས་པས་ (TIPA) གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་འདུག མཛད་སྒོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་དང་ཁལ་མུཀ་ནང་རྟེན་གཞི་བྱས་པའི་ནང་པའི་དགོན་པ་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་དུས་ཆེན་གཉིས་འཛོམས་ཐོག མཛད་སྒོ་གོ་སྒྲིག་གནང་མཁན་རྣམ་པས་༸གོང་ས་མཆོག་གིས་ནམ་རྒྱུན་དུ་གལ་ཏེ་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་འདོད་ན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་མི་ཕན་ཚུན་དང་རྒྱལ་ཁབ་ཕན་ཚུན་དབར་འཆམ་མཐུན་དང་བསམ་ཤེས་དགོས་རྒྱུ་་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་རྣམས་ལུང་འདྲེན་གནང་སྟེ་གསུང་བཤད་གནང་ཡོད།
དེ་ཉིན་མཛད་སྒོའི་སྐུ་མགྲོན་ཁོངས་སུ་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་། ཁུལ་མུཀ་ཀྱི་རིག་གཞུང་བློན་ཆེན། གཞུང་འཛིན་མི་སྣ། དེ་བཞིན་ཁལ་མུཀ་ནང་གནས་སྡོད་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་དང་། ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག
འཁྲབ་སྟོན་ཁང་དེའི་ནང་བོད་ཀྱི་སྒྱུ་རྩལ་བ་བརྒྱད་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་གླུ་གཞས་དང་གཞས་སྣ་འཁྲབ་སྟོན་གནང་ཡོད་པ་མ་ཟད། ཞྭ་ནག་དང་གངས་སེང་གི་གར་འཆམ་ཡང་འཁྲབ་སྟོན་གནང་ཡོད། སྐབས་དེར་མང་ཚོགས་རྣམས་ཀྱིས་དགའ་མོས་ཆེན་པོ་གནང་འདུག དེ་བཞིན་དེ་ཉིན་ཁལ་མུཀ་ཀྱི་ཟློས་གར་ཚོགས་པས་ཀྱང་གཞས་སྣ་འཁྲབ་སྟོན་གནང་འདུག
སྐབས་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ཐེངས་འདིའི་རོལ་དབྱངས་འདུ་འཛོམས་འདི་བཞིན་ཨུ་རུ་སུ་ནང་པ་རྣམས་ཀྱི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་རོལ་དབྱངས་ཀྱི་ལམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་ཞིག་ཡིན་པ་དང་། འབྱུང་འགྱུར་ཡང་བོད་སོག་དབར་རིག་གཞུང་བརྗེ་ལེན་གྱི་འབྲེལ་བ་མུ་མཐུད་གནས་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཞན་རྣམས་ཀྱིས་གསུང་བཤད་གནང་སྐབས་ལོ་རྒྱུས་ཐོག་ནས་བོད་སོག་དབར་འབྲེལ་བ་ཆེན་པོ་ཡོད་པ་དྲན་སྐུལ་གནང་བ་དང་ཆབས་ཅིག ཕན་ཚུན་རིག་གཞུང་བརྗེ་ལེན་གྱི་ལམ་ནས་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ཐེངས་འདིར་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་གནང་བ་དེས་ཨུ་རུ་སུའི་མང་ཚོགས་ཀྱིས་བོད་ཀྱི་རིག་གཞུང་དེ་ཤེས་རྟོགས་ཡོང་རྒྱུའི་གོ་སྐབས་དམིགས་བསལ་ཞིག་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག
བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ཁལ་མུཀ་ཏུ་ཡོད་པའི་རིང་སོག་པོའི་སྒྱུ་རྩལ་བ་རྣམས་ལ་སློབ་ཁྲིད་གནང་འདུག ཁུལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Mr. Hongor Elbikov མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ལ་བོད་ཀྱི་སྒྱུ་རྩལ་བརྗེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་གྱི་ལས་རིམ་ཁོངས་སུ་ཁལ་མུཀ་ཀྱི་གཞས་སྣ་འཁྲབ་སྟོན་གནང་རྒྱུའི་བསམ་འཆར་ཡང་བཏོན་འདུག