༢༠༡༥ ཟླ་ ༧ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཁམས་འབྲི་རུའི་གཞོན་སྐྱེས་སྙན་ངག་པ་སྟོང་བུ་ཆུང་ངམ་བསྟན་འཛིན་སྐལ་བཟང་ལགས་ཕྱི་ལོ་ ༢༠༡༤ ལོའི་ལོ་སྨད་ཙམ་ལ་འཛིན་བཟུང་བྱས་ནས་ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༥ པའི་ནང་མི་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག་ལ།
སྙན་ངག་པ་བསྟན་འཛིན་སྐལ་བཟང་ལགས་ནི་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོ། ས་དམར་གྲོང་ནས་ཡིན་པ་དང་། ད་ལྟ་རང་ལོ་ཉེར་ལྔ་ཡས་མས་ཤིག་ཡིན་འདུག ཆུང་དུས་སུ་སློབ་ཆུང་འགྲིམས་རྗེས་དགོན་པར་ཞུགས་ཏེ་ཉིས་སྟོང་ལྔའི་ལོར་གསེར་རྟ་བླ་རུང་སྒར་དང་འཇོ་ཕུ་དགོན་བཅས་ལ་ལོ་གསུམ་ལྷག་སློབ་གཉེར་གནང་།
ན་ནིང་ཙམ་ནས་བོད་སྨད་ཕྱོགས་ལ་སློབ་གཉེར་དུ་བསྐྱོད་པའི་ཕ་ཡུལ་འབྲི་རུ་རྫོང་གི་མི་ཡོད་ཚད་རྒྱ་ནག་གཞུང་གིས་རང་ཡུལ་དུ་ལོག་དགོས་པའི་བཙན་བཀའ་བཏང་བར་བརྟེན། ཕ་ཡུལ་དུ་མ་ལོག་ཀ་མེད་ཐུག་པ་རེད། ཕ་ཡུལ་དུ་འབྱོར་རྗེས་འབྲི་རུ་རྫོང་དང་ས་ཐག་ཉེ་བའི་རྩམ་མདའ་ཟེར་བའི་ས་ཁུལ་ཞིག་ཏུ་དུས་ཡུན་གང་འཚམ་རིང་རྒྱལ་གཅེས་སློབ་གསོ་བརྒྱབ་པ་རེད།
དེའི་རྗེས་ནས་ཕ་ཡུལ་དགོན་པའི་གྲྭ་པ་རྣམས་ལ་རིག་གནས་དང་རིགས་ལམ་བཅས་ལོ་གཅིག་ཙམ་བསླབས། ཞོར་ལ་གྲོང་སྡེ་ཁག་འགའ་ལ་སུམ་རྟགས་དག་གསུམ་གྱིས་མཚོན་པའི་འབྲི་ཀློག་སོགས་ཀྱི་དང་བླངས་དགེ་རྒན་བྱས་ཏེ་ན་གཞོན་མང་པོ་ཞིག་སློབ་གཉེར་ལ་ཁ་ཕྱོགས་ཐུབ་པ་བཟོས་ཡོད།
ཁོང་ནི་ནམ་རྒྱུན་དུ་བོད་ཀྱི་ལ་རྒྱ་དང་རིག་གཞུང་གལ་ཆེན་དུ་བརྩི་མཁན་ཞིག་ཡིན་པ་དང་། ལོ་སྔོན་མར་ལྷ་སར་རྒྱ་ཡིག་ཡར་རྒྱས་དང་སྒྲ་མདོ་སོགས་ལ་སྦྱང་པ་བྱས། ཕྱི་ལོ་ ༢༠༡༤ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་མཁས་དབང་ཁང་དཀར་ཚུལ་ཁྲིམས་དྲུང་ནས་ཟླ་བ་གཅིག་གཉིས་རིང་སློབ་གཉེར་བྱས། <<འཚོལ་སྙེག>>ཅེས་པའི་དེབ་ཅིག་བརྩམས་ཏེ་ཀན་སུའི་མི་རིགས་དཔེ་ཁང་ནས་འདོན་འཆར་བྱས་ཏེ། དེབ་གཟུགས་དང་བཅས་པ་ཚར་རུང་གཞུང་གིས་འགྲེམས་སྤེལ་གྱི་ཆོག་མཆན་སྤྲད་མེད་འདུག
དཔེ་དེབ་དེས་རྐྱེན་པས་ཡིན་ནམ་རྒྱུན་གཏན་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ལ་རྒྱའི་སྐོར་སོགས་ན་གཞོན་ཚོར་སློབ་གསོ་སྤྲོད་ཀྱི་ཡོད་པས་ཡིན་ཁ་གསལ་མེད་ནའང་། གང་ལྟར་ཡང་ཁོང་འདི་ལྟར་བཙན་བཟུང་བྱས་པ་མ་ཟད་ཉེ་ཆར་མི་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག
དེ་སྔོན་ཁོང་གིས་སྐད་འཕྲིན་ཐོག་ཏུ་བྲིས་པའི་སྙན་ངག་ཅིག་ཕྱིར་འབྱོར་ཡོད་པ་འདི་ལྟར།
ཁམས་འབྲི་རུར་གཞིགས་ན། འདས་པའི་དུས་ཡུན་ནང་རང་སྲེག་ངོ་རྒོལ་དང་། མི་དམངས་སྟོང་ཚོ་འདུ་འཛོམས་ཐོག་རྒྱ་ནག་གཞུང་གིས་གཏེར་ཁ་བསྔོག་པར་ངོ་རྒོལ། རྒྱ་མིའི་རྒྱལ་དར་ཁང་སྟེང་དུ་སྒྲེང་འཛུགས་བྱེད་པར་ངོ་རྒོལ། མང་ཚོགས་ཁྱུ་འདུས་ཀྱི་སྒོ་ནས་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་རབས་དང་རིམ་པ་སྤེལ་རྐྱེན། ས་གནས་འདིར་དམ་དྲག་ཧ་ཅང་ཆེ་ལ། སྐད་འཕྲིན་སོགས་བརྒྱུད་ལམ་ཁག་བཀག་སྡོམ་ནན་མོ་བྱས་ནས་ལོ་གཉིས་ཙམ་འགྲོ་གི་ཡོད་པས། འཇུ་བཟུང་གི་ཟླ་ཚེས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་ཧ་ཅང་དཀའ་ངལ་ཡོད།།