༢༠༡༥ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོ་(རླན་ཆུ་) དགོན་གསར་དགོན་པའི་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ལ་འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་ལྷ་ས་ནས་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད།
དེ་ཡང་བསྟན་འཛིན་ལྷུན་གྲུབ་ལགས་ཕྱི་ལོ་ ༢༠༡༤ ཟླ་ ༥ ནང་འབྲི་རུ་རྫོང་། ཤག་ཆུ་གྲོང་དུ་ཕེབས་ཞོར་ཞིག་ལ་མི་མང་གིས་རེ་འདུན་ལྟར། མི་རིགས་དང་སྐད་ཡིག་གི་གནས་བབ་སྐོར་གྱི་གསུང་བཤད་གནང་སྐབས་རྒྱ་ནག་གི་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག
ཁོང་ནི་ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ། དགེ་སྣེ་གྲོང་ནས་ཡིན་པ་དང་། ཆུང་དུས་ནས་ཆུ་གཉིས་ཡུལ་ཚོ། དགོན་གསར་དགོན་དུ་ཞུགས། ཕྱི་ལོ་ ༢༠༠༢ ལོ་ཡས་མས་ནས་མལ་གྲོང་གོང་དཀར་རྫོང། འབྲི་གུང་མཐིལ་སོགས་སུ་ལོ་གསུམ་སྒྲུབ་པ་གནང་བ་དང་གཞན་ཡང་གཞུང་ལུགས་དང་རིག་གནས་སོགས་སློབ་སྦྱོང་གནང་འདུག རྗེས་སུ་ཕ་ཡུལ་དུ་ཕེབས་ནས་དགོན་གསར་དགོན་དུ་ཚོགས་བླའི་འགན་ཁུར་དང་ཞོར་དུ་དགེ་འདུན་པ་རྣམས་ལ་འཆད་ཁྲིད་དང་༸གོང་ས་མཆོག་གི་སྐུའི་བླ་གཟའི་ཉིན་མོར་གྲོང་པ་ཁག་ཏུ་ནང་ཆོས་ངོ་སྤྲོད་དང་རྩོད་རྙོག་འདུམ་སྒྲིག དཀར་ཟས་ལ་སྐུལ་མ་སོགས་ཀྱི་ལས་འགུལ་སྤེལ། ནམ་རྒྱུན་མི་རིགས་ཀྱི་ལ་རྒྱའི་སྐོར་ལ་ཆོད་སེམས་ཆེན་པོས་མི་མང་ལ་འགྲེལ་བཤད་རྒྱག་གི་ཡོད་པར་བརྟེན། མི་མང་ཚོས་ཁོང་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་འདུག
ལོ་སྔོན་མར་འབྲི་རུ་ནགས་ལྷའི་གཏེར་ཁ་རྒྱ་གཞུང་གིས་སྔོག་འདོན་བྱེད་གྲབས་ཡོད་དུས། ཁོང་གིས་བཀག་འགོག་དགོས་པའི་སྐུལ་མ་བྱས་པ་དང་དངོས་སུ་མི་མང་ལ་གསུང་བཤད་དང་ནགས་ལྷ་སྲུང་སྐྱོབ་ཡོང་མཁན་འཐུས་མི་ལ་ཁ་བཏགས་གཡོགས་པ་སོགས་གནང་བས་རྒྱ་གཞུང་གི་སེམས་ལ་ཧ་ཅང་ཕོག་ཡོད།
དེ་སྔོན་བཙན་འཁྲིད་བྱེད་སྐབས་མི་མང་གིས་རྒྱུ་རྐྱེན་འདྲི་དུས་རྒྱ་མིའི་ཉེན་རྟོག་པས་ཁོ་ནི་དེ་རིང་གི་གནས་ཚུལ་ཙམ་མིན་པར་ལོ་མང་པོར་ང་ཚོས་ཉམས་ཞིབ་བྱས་པས། ནག་ཉེས་མང་པོ་གསར་རྟོགས་བྱུང་ཡོད་སྐོར་དང་། ནགས་ལྷ་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་གྲས་སུ་ཡོད་པ་སོགས་བཤད། བཙན་འཁྲིད་བྱས་རྗེས་དུས་ཡུན་རིང་པར་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་ ཡུལ་མི་ཚོས་ཤེས་རྟོགས་ཐུབ་མེད་པ་རེད། ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ནང་ཁོང་ལྷ་ས་ནས་ལོ་ངོ་བརྒྱད་ཀྱི་ཁྲིམས་བཅད་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད།
སྤྱིར་ཁམས་འབྲི་རུའི་ཕྱོགས་སུ་རྒྱ་གཞུང་གིས་དམ་བསྒྲགས་སྔར་བཞིན་བྱེད་ཀྱི་ཡོད་སྟབས། དུས་རྒྱུན་སྐད་འཕྲིན་གྱི་བརྒྱུད་ལམ་བཀག་འགོག་བྱེད་ཀྱི་ཡོད་པས། ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུར་དཀའ་ངལ་ཡོད་པ་རེད།།