༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དང་སྟབས་བསྟུན། ཡུ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་༸གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཡོད། དེ་ཡང་ཚན་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་ཡུ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པས་ཁོང་གིས་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མང་གཙོ་གོང་འཕེལ་གཏོང་གནང་མཛད་པའི་མཛད་རྗེས་ལ་བསྔགས་བརྗོད་དང་། གང་ཉིད་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འཚེ་མེད་ཞི་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་དེ་དག་ལ་འཛམ་གླིང་ཁྱོན་ཡོངས་ནས་མིག་དཔེ་ལྟ་བཞིན་ཡོད། ཅེས་འཁོད་འདུག