༢༠༡༥ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་གྲོང་ཁྱེར་ཕེ་རེངྐ་ཕོ་ཕོཌ་ Frankfurt གྲོང་ཁྱེར་ཚོགས་ཁང་ཆེན་མོའི་ནང་དུ་༸ཞབས་སོར་འཁོད་སྐབས། གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་པི་ཊར་ཕིལ་ཌི་མེན་ Lord Mayor, Peter Feldmann མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་མགོན་པོ་གང་ཉིད་མཆོག་གྲོང་ཁྱེར་དེའི་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་གྲོང་ཁྱེར་མང་ཚོགས་རྣམས་ཀྱི་སེམས་ནང་བློ་སྟོབས་ཧ་ཅང་སྐྱེ་བཞིན་ཡོད་པ་དང་། སྤྱིར་ཕེ་རེངྐ་ཕོཌ་ནི་འཛམ་གླིང་ནང་གི་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་པ་མ་ཟད། གྲོང་ཁྱེར་དེའི་ནང་རྒྱལ་ཁབ་འདྲ་མིན་ ༡༧༠ ཙམ་གྱི་མི་མང་མཉམ་སྡོད་བྱེད་བཞིན་ཡོད་པ་དང་། གྲོང་ཁྱེར་མང་ཚོགས་རྣམས་ཀྱིས་བཟོད་སྲན་གྱི་ཉམས་ལེན་བྱ་རྒྱུ་ཙམ་གྱིས་མི་ཆོག་པར་༸གོང་ས་མཆོག་དང་ལྷན་བཟོད་སྲན་སོགས་བཟང་པོའི་རིན་ཐང་དེ་དག་སྐོར་བགྲོ་གླེང་ཞུ་རྒྱུའི་འདོད་པ་ཡོད་སྐོར་སོགས་སྙན་སེང་ཞུས་པ་དང་སྦྲགས། ཁོང་གིས་༸གོང་ས་མཆོག་ལ་ཕྱག་རྟགས་ཤིག་འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོ་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ཁྱེད་རང་གིས་ད་ལྟ་གྲོང་ཁྱེར་འདིར་ཡུལ་ལུང་འདྲ་མིན་ ༡༧༠ བརྒལ་བའི་མང་ཚོགས་རྣམས་སྐད་ཡིག་འདྲ་མིན་ཡོད་ཀྱང་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་ཡོད་པ་ནི་མིག་དཔེར་འོས་པའི་གོ་ལ་གཅིག་གྱུར་གྱི་གྲོང་ཁྱེར་ཞིག་ཆགས་ཡོད། དེས་གང་མཚོན་ནམ་ཞེས་ན། གཞི་རྩའི་འགྲོ་བ་མི་རིགས་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད།
སྔ་ལོ་ངོས་རང་འདིར་ཡོད་པའི་བོད་ཁང་ནང་སླེབས་སྐབས། གནའ་བོའི་རྒྱ་གར་ནལེཎྜ་ནས་དར་བའི་ནང་པའི་ཚད་མ་རིགས་པ་སོགས་ཀྱི་དཔེ་ཆ་འགའ་ཤས་སྟོན་རྒྱུ་འདུག ཅེས་བཀའ་སློབ་སྩོལ་བཞིན་པའི་སྐབས། ཚོགས་ཁང་ཕྱི་རོལ་དུ་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་བྱེད་བཞིན་པ་དེར་དགོངས་ནས་བཀའ་སློབ་སྩལ་དོན། ད་ལྟ་ཁྱེད་ཀྱིས་ཐོས་བཞིན་པའི་ཚོགས་ཁང་གི་ཕྱི་རོལ་དུ་སྐད་འབོད་བྱེད་བཞིན་པ་དེ་དོལ་རྒྱལ་རྗེས་འབྲང་པ་རེད། དོལ་རྒྱལ་སྐོར་དེ་ལོ་ངོ་ ༤༠༠ ཙམ་སོང་ཟིན་པའི་གླེང་གཞི་ཅན་ཞིག་རེད། དེ་ཡང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་དྲེགས་པ་ཞིག་བྱུང་བ་དེ་དང་འབྲེལ་ནས་རྙོག་གྲ་བྱུང་བའི་བརྒྱུད་རིམ་ཞིག་ཆགས་ཡོད། ཐོག་མར་ངོས་རང་ཡང་མ་ཤེས་རྨོངས་པའི་འོག་ཚུད་ནས་ཕྱི་ལོ་ ༡༩༥༠ ནས་ ༡༩༧༠ བར་དོལ་རྒྱལ་བསྟེན་པ་རེད། དུས་ཚོད་རིམ་སོང་རྗེས་དེར་རྙོག་གྲ་ཞིག་ཡོད་པ་ཤེས་བྱུང་། དེ་རྗེས་ངོས་ཀྱིས་བརྟག་དཔྱད་རིམ་པ་བྱས་མཐར་དོལ་རྒྱལ་བསྟེན་ན་བཟང་རྟགས་ཤིག་མིན་པ་ངོས་ཀྱིས་ཤེས་རྗེས་དོལ་རྒྱལ་བསྟན་གསོལ་མཚམས་འཇོགས་བྱས་པ་ཡིན། དེ་ནས་ངོས་ཀྱིས་བརྟག་དཔྱད་བྱས་པའི་གྲུབ་དོན་རྣམས་མང་ཚོགས་ལ་འགྲེལ་བཤད་བརྒྱབ་པ་ཡིན། དེ་རིང་འདིར་ངོ་རྒོལ་བྱེད་མཁན་ཚོ་ངོས་ཀྱི་ལམ་སྟོན་ལ་མོས་མཐུན་མེད་མཁན་གྲས་ཆགས་ཡོད། ཅེས་བཀའ་སློབ་སྩལ་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་ལ་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་སྩལ་གནང་མཛད་པ་དང་སྦྲགས། སྟོན་པ་བཅོམ་ལྡན་འདས་ནི་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་སྨྲ་བའི་དྲང་སོང་ཆེན་པོ་ཞིག་དང་། སྟོན་པ་ཤཱཀྱ་ཐུབ་པས་འདུ་བྱེད་ཆོས་རྣམས་རྟེན་འབྲེལ་ལྟོས་གྲུབ་ཡིན་པ་ལས་རང་ངོས་ནས་གྲུབ་པའམ་རང་བཞིན་ལྟོས་མེད་ཀྱི་གྲུབ་པ་གང་ཡང་མེད་སྐོར་གསུངས་པ་མ་ཟད། སྟོན་པ་རང་ཉིད་ཀྱིས་འདུལ་བྱ་རྣམས་ལ་སྟོན་པའི་གསུང་ལ་དད་པའི་དབང་གིས་ཡིད་མ་ཆེས་པར། གསུང་གང་ཡིན་པ་དེར་སྲེག་བཅད་བརྡར་གསུམ་གྱིས་དཔྱད་པ་བྱེད་དགོས་པ་བཀའ་གནང་ཡོད། ཅེས་བཀའ་སློབ་སྩལ།
ཕྱོགས་མཚུངས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་པོད་གཉིས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་ལ་གསོལ་སྩལ་མཛད། ཕྱེད་ཡོལ་ཇར་མན་ཚགས་ཤོག་གྲགས་ཅན་གྱི་རྩོམ་སྒྲིག་པ་ཀ་རིན་སི་ཏེན་བྷར་གྷར་ Karin Steinberger ལགས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་སོགས་ཀྱི་སྐོར་བཅར་འདྲིར་བཀའ་ལན་སྩལ་གྲུབ་བསྟུན། ཇར་མན་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་བོད་མིས་གཙོས་ནང་སོག་དང་། རྒྱ་རིགས། དེ་བཞིན་ཨ་ཕི་རི་ཁའི་ཁུལ་གྱི་སེ་ནི་ཀའི་ Senegal ཁུལ་གྱི་མི་རིགས་ཁག་གཅིག་གིས་ཞབས་གཞས་དང་སྙན་ངག་སོགས་གཟིགས་འབུལ་ཞུས་པ་བརྒྱུད། ༸གོང་ས་མཆོག་ལ་གྱ་སྟོན་གྱི་འཚམས་འདྲི་ཞུས་འདུག མཛད་སྒོར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐོ་མ་སི་མཱན་ Thomas Mann མཆོག་དང་ཇར་མན་གྲོས་ཚོགས་ཀྱི་འཐུས་མི་མི་ཤལ་བྷ་རན་ཌི་ Michael Brand ལགས། ཇར་མན་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་བློན་ཆེན་ཟུར་པ་ཤི་ཝར་ཛ་ Shwarz-Schilling མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཆེད་ཕེབས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་འདུག