༢༠༡༥ ཟླ་ ༧ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ཉིན་༸གོང་ས་མཆོག་གིས་ཐོག་མར་དེ་སྔའི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷུ་ཤི་བསྟི་གནས་ཁང་གི་དཔེ་མཛོད་དུ་ཆིབས་སྒྱུར་བསྐྱངས། དེ་རྗེས་དབུ་ཁྲིད་རྣམ་གཉིས་ཉིན་དགུང་ལྗགས་སྨིན་ལྷན་བཞེས་མཛད་རྗེས། ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ (Southern Methodist University) གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་སྒྱུར་བསྐྱངས་ནས་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་བཀའ་སློབ་སྩལ། དེ་ཡང་ཐོག་མར་སིལ་སྤོལ་རྩེད་ཐང་ཆེན་མོའི་ནང་སྐུ་ཞབས་བྷ་ར་ཌི་ཆིབ་ལགས་ཀྱིས་ (Brad E. Cheves) ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་སྐབས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་མཆོག་དང་ལྕམ་སྐུ་ལོ་ར་བྷུ་ཤི་མཆོག་རྣམ་གཉིས་ཀྱིས་མང་ཚོགས་རྣམས་ལ་འཚམས་འདྲི་གནང་ཡོད།
མི་སྣ་རྣམས་ངོ་སྤྲོད་ཞུས་ཟིན་རྗེས་ཇོར་ཇི་ཌབ་ལུ་བྷུ་ཤི་བསྟི་གནས་ཁང་གི་གཙོ་འཛིན་མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ནས་བཞུགས་གྲལ་དུ་༸ཞབས་སོར་འཁོད་བསྟུན། ཨ་རིའི་རླུང་འཕྲིན་ཁང་གི་ཨེ་བྷི་སིའི་གསར་ལས་ཁང་གི་ ABC news ཆབ་སྲིད་ལས་རིམ་གཙོ་སྐྱོང་གནང་མཁན་གྲགས་ཅན་ལྕམ་སྐུ་ཀུ་ཀི་རོ་བྷ་ཌི་ Cokie Roberts ལགས་ཀྱིས་ལས་རིམ་གཙོ་སྐྱོང་འོག་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེར་བརྟེན་གོ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་པར་སྲིད་འཛིན་ཇོར་ཇི་བྷུ་ཤི་མཆོག་དང་ལྕམ་སྐུ་ལོ་ར་བྷུ་ཤི་མཆོག་རྣམ་གཉིས་ཀྱིས་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་སྐོར་བཀའ་སློབ་སྩལ་བ་མ་ཟད། ལས་རིམ་གཙོ་སྐྱོང་བས་བུད་མེད་ཀྱི་སྤྱི་ཚོགས་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུར་ཞབས་འདེགས་ཇི་འདྲ་བསྒྲུབ་ཐུབ་མིན་སྐོར་གྱི་དྲི་བར། ༸གོང་ས་མཆོག་གིས་ཐོག་མ་མིའི་འགྲོ་བ་ཆགས་སྐབས་རྗེ་འབངས་ཀྱི་སྲོལ་མེད་པར་སྤྱི་ཚོགས་ནང་རུབ་རུབ་བྱས་ནས་འཚོ་བ་བསྐྱལ་ཡོད་ཀྱང་། རིམ་བཞིན་མིའི་རྣམ་དཔྱོད་ཀྱི་ནུས་པ་རྒྱས་ནས་དམངས་ཀྱི་འགོ་ཁྲིད་འདེམས་རྒྱུའི་སྲོལ་དར། སྐབས་དེར་ཤེས་བྱ་ཡོན་ཏན་ལ་གཞི་བཅོལ་ནས་འགོ་ཁྲིད་འདེམས་སྲོལ་མེད་སྟབས། གཙོ་བོ་ལུས་ཀྱི་སྟོབས་ཤུགས་ཆེ་ཆུང་གཞི་རྩར་བཟུང་ནས་སྐྱེས་པ་ཕོ་རྣམས་རང་བཞིན་གྱི་ལུས་སྟོབས་ཆེ་བ་ཡོད་པས།
སྐྱེས་པ་ཕོ་རྣམས་སྤྱི་ཚོགས་ནང་འགོ་ཁྲིད་ལྟ་བུ་ཆགས་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་དར་འགོ་བཙུགས་ཡོད་སྐོར་དང་། དེང་སྐབས་ལུས་སྟོབས་ཆེ་ཆུང་དང་ཤེས་བྱ་ཡོན་ཏན་ཁོ་ནས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་མེད་སྟབས། དེང་སྐབས་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་བུད་མེད་ལ་རང་བཞིན་ལྷན་སྐྱེས་སུ་བྱམས་བརྩེའི་ནུས་པ་དེ་སྐྱེས་པ་ཕོ་ལས་ཆེ་བ་དང་གཞན་གྱི་བདེ་སྡུག་ལ་ཚོར་ཤུགས་ཆེ་བ་ཡོད་པར་བརྟེན། གལ་ཏེ་བུད་མེད་ཚོས་འཛམ་གླིང་གི་ལམ་སྣེ་འདྲེན་པ་ཡིན་ན། ཕལ་ཆེར་སྤྱི་ཚོགས་ནང་དེང་སྐབས་ལས་ཀྱང་ཞི་བདེ་བརྟན་ལྷིང་ཆེ་བ་ཞིག་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ། མཛད་རིམ་གྱི་མཐའ་མར་ཚོགས་བཅར་བ་ཚང་མ་ཡར་བཞེངས་ནས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུ་ཉིད་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཞེས་ཨིན་སྐད་ཐོག་དབྱངས་སུ་གྱེར་ནས་ཚོགས་ཁང་ནང་དགའ་སྤྲོའི་རྣམ་པས་ཡོངས་སུ་འཁེངས། དེ་ནས་༸གོང་ས་མཆོག་སྡིངས་ཆའི་སྟེང་ནས་ཆིབས་སྒྱུར་བསྐྱངས་བསྟུན། སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་མཆོག་དང་མཇལ་འཕྲད་མཛད་རྗེས་བཞུགས་གནས་མགྲོན་ཁང་དུ་ཆིབས་༸ཞལ་བསྒྱུར།།