༢༠༡༥ ཟླ་ ༧ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧་ཚེས་ ༢༨ ཉིན་༸གོང་ས་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་ནས་ཉིན་གཉིས་པའི་མཛད་འཕྲིན་གྱི་ཐོག་མར་རྒྱལ་ས་སླེའི་ནང་རྟེན་གཞི་བྱས་པའི་ཇོ་ཁང་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་གནས་གཟིགས་མཛད། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཀྱང་ལྷན་བཅར་ཞུས་འདུག གཙུག་ལག་ཁང་གི་ཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྟེན་འབྲེལ་བསྟོད་པ་དང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་འདོན་མཛད་པ་དང་སྦྲགས། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། སྐབས་དེར་༸གོང་ས་མཆོག་གིས་གཙུག་ལག་ཁང་དུ་རྒྱལ་བའི་བཀའ་འགྱུར་དང་དེའི་དགོངས་འགྲེལ་བསྟན་འགྱུར་གྱི་གླེག་བམ་བཞུགས་སུ་གསོལ་ཡོད་མེད་བཀའ་རྩད་ཕེབས་སྐབས་འབྲེལ་ཡོད་ནས་བསྟན་འགྱུར་བཞུགས་གསོལ་མེད་ཚུལ་སྙན་སྒྲོན་ཞུས་མཚམས་༸གོང་ས་མཆོག་གིས་བསྟན་འགྱུར་གླེག་བམ་གསོལ་སྩལ་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྩལ་བ་དང་སྦྲགས་བཀའ་སློབ་ཕེབས་དོན། བཀའ་བསྟན་དེ་དག་མཆོད་རྫས་ཙམ་ལ་བཞག་ནས་སྐབས་སྐབས་ལ་མཆོད་གནས་གདན་འདྲེན་ཞུས་ནས་བཀླགས་པ་ཙམ་གྱིས་མི་ཆོག་པར་གསུང་རབ་དེ་དག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། སེར་མོ་བ་ཙམ་མིན་པར་སྐྱ་བོ་ཚོས་ཀྱང་སངས་རྒྱས་པའི་གསུང་རབ་རྣམས་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་བ་མ་ཟད། སྐབས་དེར་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་ཆབ་སྲིད་འགོ་ཁྲིད་རྣམས་ལ་ཞལ་ཤོབ་མཛད་དོན། ཁྱེད་རང་ཚོ་ཆབ་སྲིད་འགོ་ཁྲིད་ཚོས་སངས་རྒྱས་པའི་གཞུང་ལ་སློབ་སྦྱོང་གནང་སྟེ་ལག་བསྟར་བྱུང་བ་ཡིན་ན་གཅིག་བྱས་ན་འོས་ཤོག་ཀྱང་མང་བ་ཐོབ་སྲིད། ཅེས་བཀའ་སློབ་སྩལ། དེ་རྗེས་འཇམ་དབྱངས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ནས་ཐོག་མར་སློབ་གྲྭའི་བུ་མོའི་ཉལ་ཁང་གསར་རྒྱག་ལེགས་གྲུབ་བྱུང་བ་དབུ་འབྱེད་རབ་གནས་བཀའ་དྲིན་སྩལ།
དེ་རྗེས་སློབ་གྲྭའི་ཐང་ཆེན་དུ་དགེ་ལས་སློབ་ཕྲུག་དང་ཕ་མ་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ། སྐབས་དེར་ཐོག་མར་འཇམ་དབྱངས་སློབ་གྲྭའི་སློབ་མ་རྣམས་ཀྱིས་བདེན་ཚིགས་སྨོན་ལམ་བཏོན། དེ་ནས་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་ཐོག་མར་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ལ་དགའ་བསུའི་འཚམས་འདྲི་ཞུས་པ་མ་ཟད། འདས་པའི་ལོ་གསུམ་ནང་གི་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་སྦྲགས་ཏཱ་ལའི་བླ་མའི་ཐེབས་རྩ་གཙོ་བོར་གྱུར་བའི་སློབ་གྲྭའི་སྦྱིན་བདག་ཡོངས་ལ་ཐུགས་རྗེ་ཆེ་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཐེངས་འདིར་ངོས་ལ་དཔེ་ཐུབ་དགོན་པས་ཕར་ཕྱིན་དབྱར་ཆོས་ཆེན་མོར་ཡོང་རོགས་བརྗོད་པ་རེད། ཁྲི་རིན་པོ་ཆེ་མཆོག་ནས་ཀྱང་དེ་བཞིན་རེ་འདུན་གནང་གི་འདུག དེར་བརྟེན་ཡང་བསྐྱར་ཚར་གཅིག་བསླེབས་པ་རེད། དུས་ཡུན་གང་ཙམ་སྔོན་ལ་མདའ་ཧ་ནུ་ནས་ཡིན་པའི་ཨ་མ་བགྲེས་སོང་ཞིག་ཐུག་བྱུང་། སྐབས་དེར་ཁོང་ཚོའི་ཆ་ལུགས་དང་མི་མང་གི་འཚོ་བའི་གནས་སྟངས་སྐོར་ཤེས་བྱུང་། ཁོང་ཚོར་ཐུན་མོང་མིན་པའི་ཞྭ་མོ་ཞིག་གྱོན་རྒྱུ་འདུག མང་ཚོགས་རྣམས་ལ་འཚོ་བའི་ཐུན་རྐྱེན་དེ་ཙམ་མེད་པའི་དཀའ་ངལ་ཡོད་པ་ཤེས་བྱུང་། ལྷག་པར་ནང་ཆོས་སྐོར་ལ་གོ་རྟོགས་དེ་ཙམ་མི་འདུག
དེར་བརྟེན་ཁོང་ཚོའི་བུ་ཕྲུག་ཚོར་དམིགས་ནས་སློབ་གྲྭ་འདི་བརྒྱབ་པ་རེད། ད་རེས་འཇམ་དབྱངས་སློབ་གྲྭ་ཙམ་མིན་པར་སློབ་གྲྭ་གཞན་ཁག་ནས་ཡོང་བའི་སློབ་ཕྲུག་བཅས་ཚང་འཛོམས་ཡོད་ས་འདིར་ངོས་ལ་སྐད་ཆ་ཤོད་རོགས་ལབ་པ་རེད། ཐོག་མར་ཚང་མར་འཚམས་འདྲི་ཡོད། གོ་སྒྲིག་གནང་མཁན་ཚོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ནང་ཆོས་དེ་ཆོས་ལུགས་གཞན་ལས་ཡག་པ་རེད། ཅེས་ཁྱབ་སྤེལ་ནམ་ཡང་བྱེད་ཀྱི་མེད། ཆོས་ལུགས་གཙོ་ཆེ་བ་ཚང་མར་ལྟ་གྲུབ་དང་ཆོས་ཉམས་ལེན་བྱ་རྒྱུའི་ཐབས་ལམ། དེ་བཞིན་གོམས་སྲོལ་ཡོད། ཆོས་ཉམས་ལེན་བྱ་རྒྱུའི་ཐབས་ལམ་ནི་ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་བརྩེ་དང་བཟོད་སྲན་སོགས་ཉམས་ལེན་གྱི་རྣམ་གཞག་གསུང་བཞིན་ཡོད་པ་གཅིག་མཚུངས་ལྟ་བུ་རེད། འོན་ཀྱང་ཆོས་ལུགས་དེ་དག་དབར་ལྟ་གྲུབ་དང་གོམས་སྲོལ་མི་འདྲ་བ་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚོས་འཇིག་རྟེན་འདི་དཀོན་མཆོག་གིས་བཀོད་པར་ཡིད་ཆེས་བྱེད་བཞིན་ཡོད། ནང་པ་སངས་རྒྱས་པ་དང་གཅེར་བུ་བས་རྒྱུ་འབྲས་རྣམ་གཞག་འདོད། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་དེ་དག་ཚང་མའི་མཐར་ཐུག་གི་དམིགས་ཡུལ་བྱམས་བརྩེའི་ཉམས་ལེན་བྱ་རྒྱུ་གཅིག་མཚུངས་ཡིན། ཆོས་ཀྱི་བསླབ་བྱ་གཙོ་བོ་འཚེ་མེད་ཞི་བ་ཉམས་ལེན་བྱ་རྒྱུ་དང་མི་བཟང་པོ་ཞིག་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད། ཁ་ཆེའི་ཆོས་ལུགས་ལ་མཚོན་ནའང་ཨལ་ལྷ་ Allah བཀོད་པའི་སྲོག་ཆགས་ཚང་མར་བྱམས་བརྩེ་བྱེད་དགོས་པ་གསུངས་ཡོད། དེར་བརྟེན་དེང་སྐབས་སུ་ནི་ Sunni དང་ཤི་ཡ་ Shia གཉིས་དབར་འཁྲུག་རྩོད་བྱེད་བཞིན་པ་མཐོང་སྐབས་ཧ་ཅང་བློ་ཕམ་ཡོང་བཞིན་འདུག ལ་དྭགས་ས་ཁུལ་འདིར་ཆོས་ལུགས་འདྲ་མིན་ཡོད། འོན་ཀྱང་ཆོས་ལུགས་དེ་དག་ཕན་ཚུན་འཆམ་མཐུན་ངང་གནས་བཞིན་པ་དེར་ངོས་ཀྱི་བསྔགས་བརྗོད་ཡོད། སྦར་མའི་ནང་པ་དང་ཁ་ཆེའི་དབར་འཁྲུག་འཛིང་ཤོར་བའི་གནས་ཚུལ་དེ་དག་ཧ་ཅང་ཐབས་སྡུག་རེད། ལ་དྭགས་ཁ་ཆེ་ཚོས་འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་ཁ་ཆེ་ནང་ཁུལ་འཁྲུག་རྩོད་བྱེད་བཞིན་པའི་དཀའ་ངལ་སེལ་ཐུབ་མིན་ཐོག་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ཡང་ངོས་ཀྱིས་བརྗོད་མྱོང་ཡོད། ཆོས་པ་ཡིན་ཞེས་ཁ་ནས་བཤད་པ་ཙམ་གྱི་མི་ཆོག་པར་ལག་ལེན་འཁེལ་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས་ན་ཁ་ནས་སྨོན་ལམ་བརྒྱབ་པ་ཙམ་གྱིས་འགྱུར་བ་ཡོང་རྒྱུ་ཟེར་རྒྱུ་དེ་ཧ་ཅང་ཁག་པོ་རེད། ལག་ལེན་གྱི་ཐོག་ནས་འགྱུར་བ་གཏོང་རྒྱུ་ལས་ཐབས་གཞན་མེད། ང་ཚོས་ལོ་ངོ་བརྒྱ་ཕྲག་རིང་ནས་སྨོན་ལམ་བརྒྱབ་ནས་བསྡད་པ་རེད། དེས་ཕན་འབྲས་དེ་ཙམ་བྱུང་མེད། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་ཡིན་བསམ་པའི་འདུ་ཤེས་ཐོག་ནས་འགོ་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དེར་དོ་སྣང་དེ་ཙམ་མ་སྤྲད་པར་ང་ཚོ་ཕན་ཚུན་རིགས་རུས་དང་རྒྱལ་ཁབ། ཆོས་ལུགས། དེ་བཞིན་དབུལ་ཕྱུག་སོགས་སྤྱི་ཚོགས་ཀྱི་གནས་སྟངས་ཕྲན་བུ་མི་འདྲ་བ་ཡོད་པ་དེ་དག་གཙོ་བཟུང་བྱས་ནས་ང་དང་ཁྱོད། ང་ཚོ་དང་ཁོ་ཚོ། ཞེས་རྙོག་གྲ་ཚང་མ་དེ་ནས་ཡོང་བཞིན་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་དང་དེང་དུས་ཚན་རིག་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་སྲོལ་རྒྱུན་ནས་ནང་ཆོས་དར་སྲོལ་མེད་སའི་ཡུལ་ལུང་ནང་དུ་ནང་ཆོས་དར་སྤེལ་ནམ་ཡང་གཏོང་གི་མེད།
འོན་ཀྱང་རྒྱ་གར་འཕགས་པའི་ཡུལ་ལ་མཚོན་ན། ནང་ཆོས་ཀྱི་འབྱུང་ཁུངས་ཡིན། བོད་ཀྱི་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་སྐབས་མཁན་ཆེན་ཞི་བ་འཚོ་ཆེད་མངགས་རྒྱ་གར་ནས་བོད་དུ་གདན་ཞུ་གནང་བ་དེ་ཆོས་རྒྱལ་གྱིས་བོད་དུ་ནང་ཆོས་སྤུས་དག་པོ་ཞིག་དར་སྤེལ་ཡོང་ཆེད་ཡིན། ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་བྱས་པ་ཙམ་མ་གཏོགས་ཁོང་གི་གང་གསུངས་པ་དེར་དེ་ཙམ་དོ་སྣང་སྤྲོད་ཀྱི་མེད། དེ་ནོར་བ་རེད། ལམ་སྲོལ་དེ་ད་ཆ་འགྱུར་བ་གཏོང་དགོས། ནང་པ་སངས་རྒྱས་པའི་ཆོས་མ་ཤེས་པར་དེར་རྨོངས་དད་བྱས་ནས་འགྲོ་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་དོན་དམ་གྱི་གནས་ལུགས་ལ་དཔྱད་པ་མཛད་མཐར་ཀུན་བྱུང་བདེན་པ་གསུངས་ཡོད། ཤེས་པ་དང་ལྷག་པར། ཉོན་མོང་པའི་བློའི་རྣམ་གཞག་སྐོར་ཞིབ་ཕྲ་གསུངས་ཡོད། ཆགས་སྡང་དང་ཁོང་ཁྲོའི་བློ་དེ་དག་ལ་གཉེན་པོ་བསྟེན་སྐབས་བསམ་བློའི་ཐོག་ནས་འགྲོ་དགོས། དེང་སྐབས་ཚན་རིག་པ་དང་ལྷན་བགྲོ་གླེང་བྱ་རྒྱུ་དེ་ནང་པའི་གཞུང་ལུགས་ནང་ཤེས་པའི་རྣམ་གཞག་སྐོར་ཧ་ཅང་གཏིང་ཟབ་པོ་གསུང་པ་དེ་དག་གཞི་རྩ་ཡིན། མངོན་པའི་གཞུང་ནང་རྡུལ་ཕྲན་གྱི་རྣམ་གཞག་སྐོར་གསུངས་པ་དེ་དག་དེང་སྐབས་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་གྲུབ་དོན་དེ་དག་དང་བསྡུར་བ་ཡིན་ན་ཧ་ཅང་རག་པ་རེད།
ཕྱོགས་མཚུངས་རྒྱ་གར་གྱི་དངོས་ཁམས་ཚན་རིག་པ་སྐུ་ཞབས་རཱ་ཇ་ར་མན་ནཱ་ལགས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དེ་དག་དེང་སྐབས་ཀོན་ཊམ་རྣམ་གཞག་དང་གྲུབ་དོན་གཅིག་ལ་བབ་པ་དེས་ནང་པའི་གཞུང་ནས་གསུང་པའི་ཚན་རིག་གི་རྣམ་གཞག་དང་དེང་དུས་ཚན་རིག་དབར་བགྲོ་གླེང་བྱ་རྒྱུ་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་ཧ་ཅང་གསལ་པོ་རེད། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་ཡར་རྒྱས་ལ་གཙོ་བཟུང་བྱས་ཡོད། འོན་ཀྱང་དེས་འདང་གི་མེད་པ་ར་སྤྲོད་ཡོང་བཞིན་ཡོད། དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དཔེར་ན། བྱམས་བརྩེའི་ཉམས་ལེན་སྐོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བསླབ་བྱ་དེ་དག་ཀྱང་ཆོས་ལུགས་བྱེ་བྲག་པ་གཅིག་ལ་མ་བརྟེན་པར་རིས་མེད་གཅིག་བྱུང་ཐུབ་པ་དགོས། ཉེ་ལམ་རྡ་རམ་ས་ལར་ནང་ཆོས་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་སྐོར་དེ་དག་ཕྱོགས་སྒྲིག་བྱས་ནས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ཞེས་པའི་དེབ་པོད་གཉིས་བཏོན་ཟིན་པ་རྣམས་ད་ཆ་སྐད་ཡིག་འདྲ་མིན་ནང་བསྒྱུར་རྒྱུའི་ལས་གཞི་སྤེལ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དྲི་བ་རྣམས་ལ་བཀའ་ལན་མཛད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཉིན་གུང་ལྗགས་སྨིན་འཇམ་དབྱངས་སློབ་གྲྭ་དགྱེས་བཞེས་མཛད་རྗེས་དཔེ་ཐུབ་དགོན་པར་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།