༢༠༡༥ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ ཉིན་༸གོང་ས་མཆོག་གིས་ཨ་རིའི་ཁེལ་ལི་ཕོར་ནི་ཡ་མངའ་སྡེའི་གཙུག་ལག་སློབ་གྲྭའི་ཚོགས་ཁང་ནང་དུ་ University of California Irvine མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས་ཁེལ་ལི་ཕོར་ནི་ཡ་གཙུག་ལག་སློབ་གྲྭའི་བྷེ་རེན་ཨི་ཝེན་ Bren Events Center ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་བོད་མི་དང་སོག་པོ། འབྲུག་པ་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བོད་མི་རྣམས་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་གཉན་འཕྲང་ཆེ་བའི་དུས་སྐབས་སུ་རྡོག་སྒྲིལ་ནས་གནས་ཐུབ་པ་ནི་གཙོ་བོ་བོད་ཀྱི་སྐད་ཡིག་དང་། སྐད་ཡིག་དེའི་ནང་ཡོད་པའི་ལོ་ངོ་སྟོང་གི་རིང་བོད་མི་ཚོས་ཉར་ཚགས་བྱས་པའི་བཀའ་འགྱུར་བསྟན་འགྱུར་གྱི་བཀའ་དྲིན་ཉག་གཅིག་ཡིན་སྐོར་དང་། བོད་མི་སྐྱ་བོ་ཚོས་ཀྱང་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་དང་། ལྷག་པར་ལམ་རིམ་གི་དཔེ་ཆ་ལྟ་བུ་ལྟ་ཀློག་བྱས་པས་མི་ཆོག་པར་སློབ་དཔོན་ལེགས་ལྡན་རྗེས་མཛད་པའི་རྟོག་གེ་འབར་བའི་གཞུང་ལྟ་བུར་སློབ་གཉེར་བྱེད་དགོས་པའི་ལམ་སྟོན་མཛད། གཞན་ཡང་སྐབས་དེར་༸གོང་ས་མཆོག་གིས་དོལ་རྒྱལ་རྗེས་འབྲང་པ་ཚོས་མགོན་པོ་གང་ཉིད་མཆོག་ལ་གཞི་མེད་སྨྱོན་འཛུགས་བྱས་པའི་བྱ་སྤྱོད་དང་འབྲེལ་བཀའ་སློབ་སྩལ་དོན། ཁོ་པ་ཚོས་ངོས་ལ་ངོ་རྒོལ་བྱས་ཀྱང་ངོས་ལ་ཁྱད་གང་ཡང་མེད། སྙིང་རྗེ།
དེ་ཚོའི་གྲས་དངོས་ཡོད་གནས་སྟངས་ཆ་ཚང་མ་ཤེས་པར་རྨོངས་པའི་གཞན་དབང་དུ་སོང་ནས་དེ་འདྲ་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༡ ནས་ཕྱི་ལོ་ ༡༩༧༠ འགོ་སྟོད་བར་ངོས་ནས་ཀྱང་རྨོངས་པའི་དབང་གིས་བསྟན་པ་ཡིན། དེ་རྗེས་རིམ་བཞིན་དེར་དོགས་པ་ཞིག་བྱུང་ནས་བརྟག་དཔྱད་བྱས་པ་ཡིན། ༸གོང་ས་ལྔ་པ་ཆེན་པོས། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན༑ ༑མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག ཞེས་གསུངས་ཡོད། དོལ་རྒྱལ་བསྟན་པས་ཆོས་ལུགས་འཐེན་འཁྱེར་ཡོང་གི་ཡོད། དཔེར་ན། ངོས་ཀྱིས་གོ་ཐོས་ལྟར་བྱས་ན་ཁམས་ཕྱོགས་བཟང་བཟང་དགོན་པའི་ནང་དེ་སྔ་དོལ་རྒྱལ་བསྟེན་གསོལ་བྱས་པར་བརྟེན་ཉེ་འགྲམ་དགོན་པ་ཚོས་འབྲེལ་བ་མ་བྱས་པར་ཐག་རིང་པོ་བྱས་ནས་བསྡད་པ་དང་། ཕྱིས་སུ་བཟང་བཟང་དགོན་པས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོགས་བྱས་རྗེས་ཉེ་འགྲམ་དུ་དགོན་པ་ ༡༧ ཡོད་པ་དེ་དག་དང་འབྲེལ་བ་བཟང་དུ་ཕྱིན་ཡོད། ཕྱོགས་མཚུངས་ངོས་རང་སྔ་མོ་སྭ་རག་ཨཤྲམ་ Swarag Ashram ནང་སྡོད་སྐབས་ནུབ་གཅིག་ལ་གུ་རུ་རིན་པོ་ཆེའི་རྣམ་ཐར་པདྨ་བཀའ་ཐང་གི་དཔེ་ཆ་ཞིག་ཡོད་པ་དེ་ངོས་ཀྱིས་བདག་པོ་མ་བརྒྱབ་སྟབས། དཔེ་ཆ་དེ་བོར་བརླག་ཕྱིན་པ་ཞིག་རྨིས་བྱུང་།
ཕྱིས་སུ་ངོས་ཀྱིས་དགེ་བཤེས་རབ་བརྟན་ལགས་ལ་ཞུས་པ་ཡིན། ཁོང་གིས་དེ་དོལ་རྒྱལ་གྱིས་བྱས་སྐོར་གསུངས་བྱུང་། དེ་ནས་རིམ་བཞིན་ཛེ་སྨད་རིན་པོ་ཆེས་ཕ་རྒོད་བླ་མའི་ཞལ་ལུང། ཟེར་བའི་དེབ་དེ་ཐོན་པ་རེད། དེའི་ནང་དུ་དེ་སྔ་བླ་ཆེན་དང་གཞུང་ཞབས་ལས་བྱེད་པ་ཁག་གཅིག་དང་དོལ་རྒྱལ་དབར་གྱི་འབྲེལ་བ་ཇི་བྱུང་སྐོར་འཁོད་ཡོད། དེ་སྔ་གནས་ཆུང་ཆོས་སྐྱོང་ཆེན་མོས་ངོས་ལ་དོལ་རྒྱལ་དང་འབྲེལ་བ་མ་བྱས་ན་བཟང་ཚུལ་གསུངས་ཡང་སྐབས་དེར་ངོས་ཀྱིས་གནས་ཆུང་ཁ་བཀག་པ་ཡིན། དེ་ནས་དེབ་དེ་ཐོན་རྗེས་གནས་ཆུང་ལ་དེ་སྔ་ངོས་ཀྱིས་ཁ་བཀག་ཀྱང་། ད་གནས་ཚུལ་གང་ཤོད་རྒྱུ་ཡོད་རུང་ཤོད་ཤོག ཅེས་བརྗོད་རྒྱུ་བྱུང་། དོལ་རྒྱལ་དྲེགས་པ་ཡིན་པ་ཙམ་གྱིས་གནད་འགག་ཞེ་དྲག་གང་ཡང་མེད། འོན་ཀྱང་དེ་བསྟན་པས་བསྟན་པ་ལ་གནོད་བཞིན་ཡོད་པ་དང་། ཆོས་ལུགས་ནང་ཁུལ་འཐེན་འཁྱེར་དང་ཆགས་སྡང་ཕྱོགས་རིས་ཧ་ཅང་བཟོས་རྐྱེན་ཆགས་པར་བརྟེན་དེར་དམ་བསྒྲགས་བྱེད་དགོས་བྱུང་ཡོད། ༸རྒྱལ་དབང་སྐུ་ཕྲེང་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ། སྐུ་ཕྲེང་བཅུ་གསུམ་པ་བཅས་ཚང་མས་རིས་མེད་ཉམས་བཞེས་གནང་ཡོད། ངོས་རང་༸རྒྱལ་དབང་སྐུ་གོང་མའི་ཡང་སྲིད་ཡིན་སྟབས་སྐུ་གོང་མ་ཚོའི་རྗེས་སུ་འབྲང་དགོས། ཁོ་པ་ཚོས་དངོས་ཡོད་གནས་ཚུལ་མ་ཤེས་པར་ངོས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད། ཁོ་པ་ཚོར་ཁོང་ཁྲོ་ལང་ནས་སྡོད་ན་དགེ་ཚན་གང་ཡང་མེད། གསལ་བཤད་དང་ར་སྤྲོད་ངེས་པར་དུ་བྱེད་དགོས། ད་ལྟ་ཁོ་པ་ཚོས་སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་བཞིན་ཡོད། སྨྲ་བརྗོད་རང་དབང་དེ་ངོས་ལའང་ཡོད་དགོས། ཞེས་བཀའ་སློབ་སྩལ།།