༢༠༡༥ ཟླ་ ༧ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད། སྐབས་དེར་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་ཁྲིག་སེ་རིན་པོ་ཆེ་མཆོག་དང་། བ་ཀུ་ལ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་རིན་པོ་ཆེ་མཆོག དེ་བཞིན་བླ་ཆེན་ཁག་དང་། ལ་དྭགས་རྫོང་གི་བློན་ཆེན་ཚེ་རིང་རྡོར་རྗེ་ལགས་དང་།
ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་རིག་འཛིན་དཔལ་འབར་ལགས། ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རིག་འཛིན་ཇོ་ར་ལགས། དེ་བཞིན་ཁ་ཆེའི་ཆོས་ལུགས་ཀྱི་སྐུ་ཚབ་སྐུ་ཞབས་ཤེཀ་ས་ཡེ་བུ་དིན་ Sheikh Syebuddin ལགས་དང་སྐུ་ཞབས་ཨ་ཤ་རབ་ཨ་ལི་ and Ashraf Ali ལགས། ཡི་ཤུའི་སྐུ་ཚབ་སྐུ་ཞབས་ཌེ་ཝི་ཌི་གར་གན་ David Gergen ལགས། ལ་དྭགས་དགོན་ཚོགས་ཀྱི་དགེ་ཤེས་བློ་བཟང་བསམ་གཏན་ལགས། ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་དབང་འཕྲིན་ལས་ལགས། མངའ་སྡེའི་བློན་ཆེན་ཁག་དང་། ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམ་པ། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་ལགས།
དེ་བཞིན་ཚོགས་པ་ཆེ་ཕྲ་ཁག་བཅས་ཀྱིས་གནད་ཡོད་མི་སྣ་དང་སྐུ་ཚབ་བཅས་ཆེད་བཅར་ཞུས་ཏེ་འཚམས་འདྲི་དང་བཅས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བ་ཀུ་ལ་གནམ་ཐང་ནས་ཆིབས་འགྲོའི་ཐོག་དཔེ་ཐུབ་དགོན་པར་ཆིབས་ཞལ་སྒྱུར་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་གྲངས་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་མེ་ཏོག་སྣ་ཚོགས་ཐོགས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག མགོན་པོ་གང་ཉིད་མཆོག་དཔེ་ཐུབ་དགོན་པར་༸ཞབས་སོར་འཁོད་མཚམས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། བ་ཀུ་ལ་ཆུང་སྲིད་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་ལྷ་ཁང་གསར་པའི་ནང་གདན་འདྲེན་ཞུས།ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་གནས་བརྟན་བཅུ་དྲུག་བཅས་ཀྱི་སྐུ་བརྙན་ཁག་ལ་གནས་གཟིགས་ཞིབ་པར་མཛད་རྗེས་ཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་བསྟུན། རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་སྔོན་ངོས་ཀྱིས་བཀའ་བསྟན་དེ་དག་ལ་སློབ་གཉེར་བྱ་དགོས་པ་རེད་ཅེས་སློབ་སྟོན་བྱས་ཡོད་པ་བཞིན་ཁྱེད་རང་ཚོས་སྙིང་ཐག་པ་ནས་དང་ལེན་གནང་སྟེ་ད་ཆ་དཔེ་ཆར་སློབ་གཉེར་གནང་གི་ཡོད་པ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་།
ཉེ་ལམ་ངོས་ཀྱི་སྐྱེས་སྐར་རྡ་རམ་ས་ལར་སྲུང་བརྩི་ཞུས་པ་དང་། དེ་ནས་ངོས་རང་ཨིན་ཡུལ་དང་། ཨ་རི། ཇར་མན་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་དགོས་བྱུང་བར་བརྟེན་ཏོག་ཙམ་ཐང་ཆད་བྱུང་། བྱས་ཙང་ད་རེས་ཉིན་མ་ཁ་ཤས་ཤིག་ངོས་རང་འདིར་ངལ་གསོ་ལྟ་བུ་བྱས་ཏེ་ཡོང་བ་ཡིན། ད་ལམ་ཉིན་ཁ་ཤས་ཤིག་ལས་འདིར་སྡོད་ལོང་མེད། འོན་ཀྱང་ལོ་རྗེས་མའི་ཟླ་བ་བརྒྱད་པའི་ནང་དུས་ཡུན་འདི་ལས་མང་ཙམ་ཞིག་སྡོད་རྒྱུ་ཡོང་གི་རེད། ད་ལམ་ངོས་རང་དུས་ཐུང་ཞིག་ལས་འདིར་སྡོད་ལོང་མེད་སྟབས་རིན་པོ་ཆེ་མཆོག་དགོངས་པ་མི་ཚོམ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བཀའ་སྩལ།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ལ་དྭགས་ནང་སྤྱི་ཡོངས་ཀྱི་གནམ་གཤིས་གནས་བབས་གང་འདྲ་ཡོད་ལུགས་བཀའ་སྩལ་ཕེབས་པའི་རྗེས་སུ་བཀའ་སློབ་སྩལ་དོན། ཉེ་ལམ་ཚན་རིག་པས་བརྗོད་དོན། འཛམ་གླིང་གི་བྱང་སྣེར་(North pole)འཁྱགས་པ་དང་གངས་ཀྱི་འཕེལ་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག དེར་བརྟེན་ད་ལོ་གནམ་གཤིས་ཏོག་ཙམ་བསིལ་པོ་ཡོང་བའི་མངོན་རྟགས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་ཉིན་དེར་དཔེ་ཐུབ་དགོན་པར་བཞུགས་ཞག་མཛད་འདུག་པ་བཅས། །