༢༠༡༥ ཟླ་ ༧ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་འགན་འཛིན་ལས་རོགས་ཨཱ་ཅཱརྱ་བློ་བཟང་ལགས་བཅས་ཀྱིས་གསར་འགོད་ལྷན་ཚོགས་སུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་དབུ་འབྱེད་ཀྱི་གསལ་བསྒྲགས་སྤེལ་གནང་སོང་།
སྤྱིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལོ་རེར་དུས་དེབ་ཐེངས་གཉིས་འདོན་སྤེལ་གནང་བཞིན་ཡོད་ཁོངས་ནས་ཨིན་ཡིག་ནང་གི་དུས་དེབ་སྔ་ལོར་འདོན་སྤེལ་ཟིན་པ་དང་། སྐབས་དེར་དུས་དེབ་ཀྱི་བརྗོད་གཞི་གཙོ་བོ་སིམ་ལའི་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་མི་ལོ་ ༡༠༠ ཧྲིལ་པོ་འཁོར་བའི་གནད་དོན་ཐོག་ཡིན་པ་དང་། ད་ཆ་བོད་ཡིག་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་དུས་དེབ་དབུ་འབྱེད་གནང་འདུག དུས་དེབ་དེའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ལྔས་རྩོམ་ཡིག་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག དེ་ཡང་བརྗོད་གཞི་དང་པོར་ཨཱ་ཅཱརྱ་བློ་བཟང་ལགས་ཀྱིས་ཆེད་རྩོམ་གནང་བའི་བོད་འབྲེལ་གནད་དོན་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་དགོངས་པ་གླེང་བ། ཞེས་པ་དང་། གཉིས་པར་ཉམས་ཞིབ་པ་ཤར་ཙོང་བདེ་ལྡན་ལགས་ཀྱིས་བརྩམས་པའི་རྒྱ་ནག་གཞུང་གིས་བོད་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཡུལ། ཞེས་པ་དང་། ཉམས་ཞིབ་པ་བསྟན་འཛིན་པདྨ་ལགས་ཀྱིས་ཆེད་རྩོམ་གནང་བ། བོད་ནང་བོད་ཀྱི་སྐད་ཡིག་གི་གནས་སྟངས། ཞེས་པ་དང་། དེ་བཞིན་བྱམས་པ་བསྟན་འཛིན་ལགས་བཅས་ཀྱིས། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཁྲིམས་ལུགས་གནས་བབས་ལ་དཔྱད་པ་ཞེས་པ་དང་། ཉམས་ཞིབ་པ་ཚེ་བསོད་ལགས་ཀྱིས་བརྩམས་པའི་ལྟ་ཚུལ་ཕྱོགས་རེ་བ་ཙམ་གྱིས་མི་རིགས་ཧྲིལ་པོ་དགྲར་བལྟ་བ་བཅས་པའི་བརྗོད་གཞིའི་ཐོག་སྤེལ་བའི་རྩོམ་ཡིག་ཕྱོགས་སྒྲིག་གི་དུས་དེབ་དབུ་འབྱེད་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་དུས་དེབ་དང་འབྲེལ་བའི་གསུང་བཤད་གནང་སྐབས་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བྱུང་རིམ་ངོ་སྤྲོད་དང་ལས་དོན་སྤེལ་ཕྱོགས། དེ་བཞིན་འབྱུང་འགྱུར་ལས་འཆར་སོགས་ཀྱི་སྐོར་དང་། ད་ལོ་ནས་འཆར་ལོའི་བར་རྒྱ་གར་མཁས་དབང་ཁག་གིས་བོད་དོན་ཐོག་རྩོམ་དེབ་གང་ཙམ་ཞིག་འདོན་རྒྱུ་ཡིན་སྐོར་གྱི་ངོ་སྤྲོད་གཟབ་རྒྱས་ཤིག་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་།།