༢༠༡༥ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་གནང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༠ ཉིན་བོད་ནང་གི་མཚན་མོ་ཆུ་ཚོད་དང་པོར། ཆབ་སྲིད་བཙོན་པ་གྲགས་ཅན་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས། རྒྱ་ནག་གཞུང་གིས་ “རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་” འོག་བཙོན་འཇུག་ཁྲིམས་ཆད་མི་ལོ་ ༨ ཧྲིལ་པོ་ཚང་སྟེ་གློད་བཀྲོལ་བཏང་ཡོད་འདུག བོད་དོན་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང་ཚོགས་སྡེ་ཁག ཆབ་སྲིད་མི་སྣ་དང་ལས་འགུལ་བ། དམིགས་བསལ་ཁོང་གི་ནང་མི་དང་བཟའ་ཟླ་བུ་ཕྲུག གྲོགས་གཉེན་ཚན། གྲོང་ཁྱིམ་མཚེས་སོགས་ཀྱིས། སྐར་ཆ་རེ་རེ་མཛུབ་རྩེར་བགྲངས་ནས་མི་ལོ་བརྒྱད་ཧྲིལ་པོ་ངང་སྒུག་བྱས་པའི་དུས་ཡུན་ནང་། གང་ཐུབ་ཅི་ཐུབ་ལས་འགུལ་དང་གདུང་སེམས་མཉམ་སྐྱེད་གནང་བའི་དྲིན་གྱིས། ད་ཐེངས་ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་མ་ཐག གསོན་པོ་ཁྱིམ་དུ་ཕྱིར་ཕེབས་ཐུབ་པ་བྱུང་ཡོད།
གོ་སྐབས་འདི་དང་བསྟུན་ནས། ཁོང་དང་འབྲེལ་ཡོད་ཚོ་སྔ་ཕྱི་བཙོན་འཇུག་བྱས་པའི་སྐོར་དྲན་གསོའི་ཆེད་དུ་ཅུང་ཟད་ཞུས་ན། ཁམས་ལི་ཐང་ཡུལ་དུ་དབྱར་ཟླ་བརྒྱད་པའི་ནང་སྤང་ལ་མེ་ཏོག་ཤར། རྟ་ནོར་ཤ་ཤེད་རྒྱས། གནམ་གཤིས་དྲོད་གྲང་སྙོམ་པའི་སྐབས། ལི་ཐང་རྫོང་འོག་ཡོད་པའི་ཞིང་འབྲོག་རྣམས་ལྷན་འཛོམས་ཀྱིས། བརྒྱད་པའི་རྟ་རྒྱུགས་དུས་ཆེན་ཉིན་གྲངས་འགའི་རིང་སྲུང་བརྩི་བྱེད་སྲོལ་ཡོད། སྐབས་དེར་རྫོང་གི་དཔོན་རིགས་མཐོ་གྲས་དང་རྒྱ་རིགས་སྐུ་མགྲོན་འདྲ་མིན། བོད་པའི་བླ་སྤྲུལ་དང་མི་སྣ་ཆེ་ཁག མི་སེར་དཀྱུས་མ་བཅས་མི་ཁྲི་ཚོ་མང་པོ་དུས་ཆེན་ལ་མཉམ་ཞུགས་བྱེད་སྲོལ་ཡོད་ལ། ལོ་འཁོར་མོ་གཅིག་ནང་ལོ་གསར་ཕུད་པའི་སྤྲོ་སྐྱིད་ཀྱི་འདུ་འཛོམས་ཆེ་ཤོས་དེའང་ཡིན།
ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་ལོ་དེའི་རྟ་རྒྱུག་དུས་ཆེན་སྲུང་བརྩིའི་ལས་རིམ་འགོ་བཙུགས་ཏེ། གུར་ཆེན་འོག་གྲ་སྒྲིག་བྱས་པའི་སྡིངས་ཆའི་ཐོག ལས་རིམ་སྒྲོགས་སྦྱང་པས་རྒྱང་བསྒྲགས་ནས་དུས་ཆེན་གྱི་ལས་རིམ་སྒྲོགས་སྦྱང་བྱེད་བཞིན་པའི་སྐབས། རུང་རྒྱས་ཨ་གྲགས་ལགས་སྡིངས་ཆའི་ཐོག་སོང་ནས་རྒྱང་བསྒྲགས་བླངས་ཏེ། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་’’ “པཎ་ཆེན་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་” “ང་ཚོ་བོད་ལ་རང་དབང་དགོས” ༸རྒྱལ་བ་རིན་པོ་ཆེ་མཆོག་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟ་བུ་ཡིན། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས། ཞེས་སྐད་འབོད་གནང་བ་དེ། དེང་སྐབས་བརྙན་ཐུང་ནང་མཐོང་རྒྱུ་ཡོད།
དེ་ནས་ཡུན་རིང་མ་སོང་བར་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང་། ས་གནས་མང་ཚོགས་སྟོང་ཚོ་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བཅར་ཏེ་ཁོང་གློད་བཀྲོལ་གཏོང་དགོས་པའི་ཞུ་འབོད་རིམ་པ་བྱས་པ་དང་། ཡུལ་སྡེ་ཐག་རིང་ནས་ཡིན་པའི་མང་ཚོགས་ཁྱུ་དང་ཁྱུ་ལི་ཐང་རྫོང་གི་མཐའ་བསྐོར་དུ་གུར་སྒར་བརྒྱབ་སྟེ་ཉིན་གྲངས་མང་པོའི་རིང་ངོ་རྒོལ་བྱས་ཀྱང་། མཐར་རྒྱ་གཞུང་གིས་མང་ཚོགས་ཀྱིས་རེ་སྐུལ་ལ་ཡ་ལན་སྤུ་ཙམ་མེད་པར་དམག་མི་ཁྲི་ཚོ་མང་པོ་བཏང་སྟེ་ཁོང་ལ་ལོ་ ༨ ཀྱི་ཁྲིམས་ཐག་བཅད་པ་དང་། ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྦོ་ལགས་ལ་ལོ་ ༡༠ དང་། སྒྱུ་རྩལ་པ་འཇམ་དབྱངས་ཀུན་མཁྱེན་ལགས་ལ་ལོ་ ༩། ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལགས་ལ་ལོ་ ༥། བློ་ཐོག་ལགས་ལ་ལོ་ ༣ ཁྲིམས་ཐག་བཅད་ཡོད། འཇམ་དབྱང་བསྟན་འཛིན་ལགས་ལ་ལོ་ ༣ ཁྲིམས་ཐག་བཅད་ཡོད་ཀྱང་བཙོན་དུས་ཚང་ནས་གློད་བཀྲོལ་བཏང་རྗེས་སླར་ཡང་འཛིན་བཟུང་གིས་ལོ་གསུམ་ཁྲིམས་ཐག་བཅད་ཡོད། བདེ་སྐྱིད་གྲོང་པ་བློ་བཟང་ཕུན་ཚོགས་ལགས་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཆད་བཏང་ཡོད།
གོང་ཞུས་ཁོང་དང་འབྲེལ་ཡོད་ཚོར་ “ཕྱི་རྒྱལ་ཁ་བྲལ་སྟོབས་ཤུགས་དང་ལག་འབྲེལ་བྱས་པ་” ཟེར་བ་དང་། “ཁ་བྲལ་ལས་འགུལ་བ་ལ་གསང་བ་ཕྱིར་གྱར་” ཟེར་བ་སོགས་ཉེས་མེད་ཉེས་འཛུགས་བྱས་ཏེ་ཁྲིམས་ཐག་བཅད་པ་རྣམས། ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་ནས་རིམ་པས་གློད་བཀྲོལ་བཏང་ཟིན། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་གྱི་མཚན་མོ་རུང་རྒྱས་ཨ་གྲགས་ལགས་ཁྱིམ་དུ་བསྐྱལ་པ་དང་། དེ་སྔོན་རྒྱ་གཞུང་གིས་ཁོང་ལ་ཕེབས་བསུ་བྱེད་མི་ཆོག་པ་དང་། མི་གཉིས་མཉམ་དུ་ཁོང་ལ་བལྟ་བར་འགྲོ་མི་ཆོག་ཟེར་བ་སོགས། བཀོད་ཁྱབ་བམ་ཉེན་བརྡ་བཏང་ཡོད་ཚོད་འདུག་པ་དང་། ལིི་ཐང་ས་ཁུལ་དུ་དམ་བསྒྲགས་ཀྱང་གང་འཚམ་བྱེད་བཞིན་ཡོད། འོན་ཀྱང་། དེང་སྐབས་མི་མང་གིས་ཁོང་ལ་འཚམས་འདྲི་ཞུ་བར་བཅར་པ་སོགས། གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་གོ་རྒྱུ་འདུག
དེ་བཞིན་ཁོང་གི་སྤུན་མཆེད་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཀྱང་རུང་རྒྱས་ཨ་གྲགས་ལགས་སི་ཁྲོན་མེན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དེ་དངོས་བདེན་ཡིན་ཡང་། ད་ལྟའི་ཆར་སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡོད་མེད་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག ཅེས་གསར་འགོད་པར་འགྲེལ་བརྗོད་གནང་འདུག