༢༠༡༥ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༩ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ པ་ཡས་མས་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་བོད་པའི་ཁང་པ་མང་པོ་ཡོད་སའི་ཉེ་འགྲམ་དུ། ཕ་ཡུལ་ནང་ཆེན་ནས་ཡིན་ཞིང་། རང་ལོ་ ༢༧ ལ་སོན་པའི་བོད་པའི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ཡོད་ཅིང་། སྐབས་དེར་བོད་མི་ཚོས་ཁོང་སྨན་ཁང་དུ་འཁྲིད་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ཡུལ་ཤུལ་ཁུལ་གྲོང་ཁྱེར་གྱི་གཞུང་ལམ་མང་ཆེ་བ་དྲག་ཆས་ཉེན་རྟོག་དཔུང་དམག་གིས་བཀག་སྡོམ་བྱས་ཡོད་སྟབས། ཁོང་གི་གནས་སྟངས་ཤེས་རྟོགས་ཐུབ་མེད། འོན་ཀྱང་ད་ཆ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། བསོད་ནམས་སྟོབས་རྒྱལ་ལགས་འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་ཁོང་གི་ཞལ་འདོན་ཕྱག་དཔེའི་ནང་ཕྱི་ཟླ་ ༧ ཚེས་ ༡ ཉིན་བཞག་པའི་ཞལ་ཆེམས་ཞིག་ཀྱང་རྙེད་སོན་བྱུང་འདུག་པ་གཤམ་གསལ།
རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་རྣམས་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་གནས་ཀྱི་འགོ་ཁྲིད་དག་ལ་ཆེད་ཞུ།
གུས་པ་ནི་ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ནས་ཡིན། རང་ལོ་ ༢༧ དང་ནང་ཆེན་བཀྲ་ཤིས་ཚང་གི་བུ་འབྲིང་བ་ཡིན། ད་སྐབས་རྫོང་སར་བཤད་གྲྭ་ནས་སློབ་སྦྱོང་བྱེད་བཞིན་ཡོད། རྒྱལ་ཕྱི་ནང་གི་མང་ཚོགས་ཡོངས་ཀྱིས་ཤེས་གསལ་ལྟར། རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ལ་གནས་ལུགསདང་བདེན་དྲང་མི་བསྟུན་པར། དྲག་གནོན་དང་སྡུག་རྩུབ་ཀྱི་ཁྲིམས་ལུགས་ཁོ་ན་བྱས་ཏེ་མི་རིགས་ཀྱི་ཆོས་ལུགས་དང་། སྲོལ་རྒྱུན། རིག་གཞུང་རྩ་མེད། ཁོར་ཡུག་གཏོར་བརླག་གི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་པའི་སྐབས། མང་ཚོགས་ལ་སྨྲ་བརྗོད་རང་དབང་མེད་པ་དང་། གནས་ལུགས་དང་བདེ་སྡུག་གི་སྐད་ཆ་ཡར་ཞུ་བྱེད་ས་རྩ་བ་ནས་མེད། ད་དུང་། མང་ཚོགས་ཁ་ཤས་ཀྱིས་བདེན་དོན་དང་སྐྱིད་སྡུག་སྐད་ཆ་ཡར་ཞུ་བྱེད་དུས་དྲག་གནོན་དང་འཛིན་བཟུང་ཁོ་ན་བྱེད་པ་ལས་མང་ཚོགས་ཀྱི་རེ་འདུན་དང་སྐྱིད་སྡུག་ལ་བསམ་ནས་ཐག་གཅོད་གང་ཡང་མེད། མ་ཟད། དགོན་སྡེ་དང་གྲྭ་བཙུན་ལ་གཡོ་རྒྱུ་སྣ་ཚོགས་བྱས་ཏེ་བཀག་སྡོམ་བྱེད་པ་སོགས་མདོར་ན་གྲངས་ཉུང་མི་རིགས་རྩ་མེད་དུ་གཏོང་བའི་ཇུས་འགོད་ངན་པའི་བྱ་བ་གང་ཐུབ་བྱེད་བཞིན་ཡོད། ང་ཚོ་མང་ཚཽགས་ཚང་མའི་རེ་བ་གཙོ་བོ་ནི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་ནང་དུ་༸ཞབས་སོར་འགོད་དགོས་པ་དེ་ཡིན། ང་ཚོ་ལ་བདེན་དོན་དང་གནས་ལུགས་སོགས་གང་ཡང་བཤད་དབང་མེད་པའི་ཕྱིར་ངའི་ཚེ་སྲོག་གིས་སྤྱིར་འཛམ་བུ་གླིང་དང་ཡང་སྒོས་སུ་རྒྱ་ནག་སྲིད་གཞུང་དང་མི་དམངས་ལ་བདེན་དཔང་བྱེད་དགོས་བྱུང་། ཤ་རུས་གཅིག་ལས་ཆད་པའི་སྤུན་ཟླ་རྣམས་ཀྱིས་གོ་མེད་ཚོར་མེད་མ་གནང་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མ་འོངས་པར་མི་རིགས་འདི་བདེན་མཐའ་གསལ་བའི་ཆེད་དུ་ཚང་མས་འབད་བརྩོན་ཅི་ནས་གནང་རོགས་ཞུ།། གྲྭ་བསོད་ནམས་སྟོབས་རྒྱལ་ནས་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡ ཉིན་ཤར་མར་བྲིས།།