༢༠༡༥ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༢ ནས་ ༢༣ བར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཧི་མ་ཅལ་མངའ་ཁུལ་དང་ལ་དྭགས་སླེ་བྱང་བཅས་ས་གནས་རང་བདེན་ཚོགས་ཆུང་ཁག་བཅུ་བཞིའི་ཚོགས་མི་གསར་འདེམས་བྱུང་བ་རྣམས་ལ་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་སྒྲིག སྔོན་རྩིས་འབུལ་ཕྱོགས། ཚོགས་ཆུང་ཁག་གི་རྒྱུན་གྲོན་རྩིས་ཁྲ་བཟོ་ཉར། དང་བླངས་དཔྱ་དངུལ་ལག་དེབ་བཟོ་ཕྱོགས་བཅས་ཀྱི་ཐོག་ཟབ་སྦྱོང་ཞིག་གནང་ཡོད། སྐབས་དེར་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་ཚོགས་མི་རྣམ་པར་དཔལ་འབྱོར་ལས་ཁུངས་ཀྱི་ངོ་སྤྲོད་སྙིང་བསྡུས་འགྲེལ་བརྗོད་གནང༌ཡོད། ཐེངས་འདིའི་ཟབ་སྦྱོང་ནང་རང་བདེན་ཚོགས་ཆུང་གི་ཚོགས་མི་གྲངས་ ༢༨ མཉམ་ཞུགས་གནང་འདུག
དེ་ཡང་ཟབ་སྦྱོང་ཉིན་དང་པོ་ཕྱི་ཚེས་ ༢༢ ཉིན་དཔལ་འབྱོར་ལས་ཁུངས་ཀྱི་དཔྱ་ཁྲལ་ཚན་པའི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ནས་དང་བླངས་དཔྱ་དངུལ་བསྡུ་བཞེས་གནང་ཕྱོགས་དང་རྩིས་ཁྲ་བཟོ་ཉར་ཐོག་ཟབ་འཁྲིད་གནང་ཡོད། ཉིན་གཉིས་པ་ཕྱི་ཚེས་ ༢༣ ཉིན་དང་བླངས་དཔྱ་དངུལ་ལག་དེབ་གྲངས་ཐོ་ཚན་པའི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ནས་དཔྱ་དངུལ་ལག་དེབ་ཞུ་སྤྲོད་དང་འབྲེལ་ཟབ་འཁྲིད་གནང་ཡོད།
ཟུང་དྲུང་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྐབས་ཟབ་སྦྱོང་ནང་མཉམ་ཞུགས་ཐུབ་པའི་སྐུ་ཚབ་ཚོགས་མི་རྣམས་ནས་ཉིན་གཉིས་ཀྱི་ཟབ་སྦྱོང་སྐབས་གང་ཁྲིད་པ་དེ་སོ་སོའི་ས་གནས་སུ་འབྱོར་རྗེས་ཚོགས་མི་གཞན་ཚོར་ངེས་པར་ངོ་སྤྲོད་གནང་དགོས་པ་དང༌། ཚོགས་ཆུང་སོ་སོའི་ལས་དོན་གཙོ་བོ་ཁྲིམས་སྒྲིག་དགོངས་དོན་ཁྱབ་ཁོངས་མང་ཚོགས་ནས་ངེས་ཅན་དཔྱ་དངུལ་མ་ཆད་པར་བསྡུ་བཞེས་ཐུབ་པའི་ཐུགས་འགན་རྐང་བཞེས་གནང་དགོས་པ་དང༌། རྩིས་ཁྲ་ཁག་ཁམས་དྭངས་བཟོ་ཉར་དགོས་སྐོར་སོགས་གསུངས་ཡོད།།
ཕྱི་ལོ་ ༢༠༡༥ ཟླ་ ༨ པའི་ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང༌། སྒང་ཏོག སྡེ་ར་ལྡུན་བཅས་ས་ཁུལ་སོ་སོར་གོང་གསལ་ལྟར་ཟབ་སྦྱོང་གནང་གཏན་འཁེལ་ཡོད།