༢༠༡༥ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཇ་ཝི་ཏི་ཚོགས་ཁང་ Javits Center ཞེས་པའི་ནང་དུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་དབུ་འཛུགས་མཛད། སྐབས་དེར་རྣམ་གྲྭ་མཁན་རིན་པོ་ཆེས་གཙོས་བླ་སྤྲུལ་དགེ་བཤེས་དང་། གཞན་ཡང་དགེ་འདུན་པ་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་བཀའ་བློན་ལས་ཐོག་པ་དང་བཀའ་ཟུར་སོགས་སྲི་ཞུའི་ལས་བྱེད་ཁག་གཅིག དེ་བཞིན་བྱང་ཨ་རིའི་བོད་རིགས་སོགས་ཁྱོན་མི་གྲངས་ ༡༤ ༠༠༠ བརྒལ་བ་འདུ་འཛོམས་བྱུང་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ལ་དེ་རིང་འདིར་སྒོམ་རིམ་བར་པའི་ཆོས་འབྲེལ་བྱེད་རོགས། ཞེས་བརྗོད་བྱུང་། འོན་ཀྱང་ཐོག་མར་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱ་རྒྱུ་ཡིན།
སྤྱིར་བོད་གངས་ཅན་གྱི་ལྗོངས་སུ་ནང་ཆོས་དར་ཡོད། འོན་ཀྱང་མང་ཚོགས་ཀྱི་ནང་ཆོས་ཆུད་ཚད་དེ་ཙམ་མཐོ་པོ་མེད། ནང་ཆོས་ཤེས་པ་ཡིན་ན། ཉམས་ལེན་བྱ་རྒྱུ་ལས་སླ་བ་ཡོད། དེང་སྐབས་ཚན་རིག་པ་ནང་ཆོས་ཁས་མི་ལེན་མཁན་ཚོས་ཀྱང་ནང་ཆོས་ནས་གསུངས་པའི་རྟེན་འབྲེལ་གྱི་རྣམ་གཞག་ལ་དོ་སྣང་བྱེད་བཞིན་ཡོད། རྟེན་འབྲེལ་ལྟོས་གྲུབ་ཀྱི་རྣམ་གཞག་ལ་གོ་བ་ཡག་པོ་ཞིག་ལོན་ཐུབ་པ་བྱུང་ན་ཆོས་ཀྱི་གནས་ལུགས་རྟོགས་ཐུབ། སྒོམ་རིམ་བར་པ་འདི་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རེད། མཁན་ཆེན་ཞི་བ་འཚོས་ལམ་སྟོན་ལྟར་ཁོང་དུས་རབས་ ༨ ནང་བོད་དུ་བྱོན། བསམ་ཡས་གཙུག་ལག་ཁང་དུ་རྒྱ་ཡི་སྒོམ་སློབ་མཁན་དེ་འདྲ་ཡོད་པ་རྣམས་དང་རྩོད་པ་གནང་བའི་བརྒྱུད་རིམ་དེ་དག་ཆོས་རྒྱལ་ཁྲི་སོང་སྡེ་བཙན་གྱི་བཀའ་ལྟར་ཕྱོགས་སྒྲིག་མཛད་ཡོད། སྒོམ་རིམ་བར་པའི་གཞུང་དེ་དག་རྩ་བ་གཞུང་དེ་དག་ལ་གཞིར་བཞག་བྱས་ནས་གསུངས་ཡོད། གཞུང་འདིར་ཞི་གནས་དང་ལྷག་མཐོང་སྐོར་ཧ་ཅང་རྒྱས་པོ་གསུངས་ཡོད། ཅེས་བཀའ་སློབ་སྩལ་བསྟུན། ཐོག་མར་པཱ་ལིའི་སྐད་ནང་ཤིས་བརྗོད་གསུངས། དེ་རྗེས་ལེགས་སྦྱར་དང་བོད་སྐད། དེ་བཞིན་རྒྱ་སྐད་བཅས་ཀྱི་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་མཛད་རྣམ་དང་། ཐེག་ཆེན་པ་རྣམས་ཀྱིས་སངས་རྒྱས་ཀྱིས་ཆོས་འཁོར་རིམ་པ་གསུམ་དང་ཐེག་དམན་ནམ་གནས་བརྟན་སྡེ་པས་ཆོས་འཁོར་དང་པོ་ཁོ་ན་གསུངས་པ་འདོད་སྐོར་སོགས་གསུངས་པ་དང་སྦྲགས། ༸གོང་ས་མཆོག་གིས་སྒོམ་རིམ་ཁྲིད་རྒྱུན་ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན་གྱི་སྐུ་མདུན་ནས་ཐོབ་ཡོད་པ་དང་། ཁོང་གིས་ཁམས་ཕྱོགས་བླ་མ་ཞིག་གི་དྲུང་ནས་ཐོབ་ཚུལ་སོགས་བཀའ་སློབ་སྩལ། ཉིན་དགུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་གིས་དྲི་བ་ཁག་གཅིག་ལ་བཀའ་ལན་མཛད། དེ་རྗེས་ཆོས་འབྲེལ་འཕྲོ་སྐྱོང་མཛད།།