༢༠༡༦ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་རྒྱལ་ཁབ་ཁལ་མུཀ་དང་། བྷུ་རི་ཡ་ཏི། ཐུ་ཝ་སོགས་ཀྱི་ནང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུ་འཆར་ཡོད་འདུག
ཐེངས་འདིའི་མཛད་སྒོ་གོ་སྒྲིག་ཞུ་མཁན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་བོད་སྐྱོབ་དགེ་རྩ་ཚོགས་པ་གཉིས་ཐུན་མོང་ཐོག་ཡིན་འདུག མཛད་སྒོ་ཚོགས་ཡུལ་ནི་ཁུལ་དེར་ཡོད་པའི་གློག་བརྙན་ཁང་དུ་ཡིན་འདུག སྐབས་དེར་ཨུ་རུ་སུའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཝེ་ལིན་ཊིན་གྷཕ་ Valentin Gaft ལགས་ཀྱིས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་བཙན་བྱོལ་ནང་གི་རང་དབང་ Freedom in Exile ཞེས་པའི་སྐོར་ངག་རྒྱུན་གྱི་མཛད་རྣམ་དབུ་འབྱེད་གནང་རྒྱུ་དང་།
དེ་ཡང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཝེ་ལིན་ཊིན་གྷཕ་ཊི་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་ཐོག་ཆེ་བསྟོད་ཕུལ་དོན། སྐྱེས་བུ་དམ་པ་ཁོང་ལྟ་བུ་མཇལ་སྐབས་ནུས་པ་ཁྱད་པར་བ་ཞིག་ཐོབ་ཀྱི་འདུག ནུས་པ་དེ་དག་༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་དང་། གཞན་གྱི་བདེ་དོན་ཆེད་བློས་གཏོང་མཛད་པ་སོགས་ལས་ཡོང་བཞིན་འདུག ཅེས་སོགས་གསུངས། གཞན་ཡང་༸སྐུའི་གྱ་སྟོན་སྐབས་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་ལྗགས་རྩོམ་མཛད་པའི་ཕྱག་དེབ་དྲུག་དབུ་འབྱེད་གནང་རྒྱུ་ཡིན་འདུག
མཛད་སྒོར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུས་ཀྱིས་གཞས་སྣ་ཁག་འཁྲབ་སྟོན་དང་ཨུ་རུ་སུའི་གཞས་པ་གྲགས་ཅན་བྷོ་རིས་ Boris Grebeshikov ལགས་ཀྱིས་གླུ་གཞས་གཏང་རྒྱུ་ཡིན་འདུག ཨུ་རུ་སུའི་གཞས་པ་གྲགས་ཅན་བྷོ་རིས་ལགས་ཀྱིས༸གོང་ས་མཆོག་གི་མཇལ་ཁ་ལན་མང་ཞུས་མྱོང་ཡོད་འདུག ཕྱི་ཚེས་ ༧ ཉིན་ཨུ་རུ་སུ་བོད་ཀྱི་སྐུ་ཚབ་དོན་ཁང་དང་། the International Museum of Nicholas Roerich ཞེས་པའི་འགྲེམས་སྟོན་ཁང་། བོད་སྐྱོབ་དགེ་རྩ་ཚོགས་པ་བཅས་ཐུན་མོང་གིས་༸སྐུའི་གྱ་སྟོན་མཇུག་བསྡོམས་ཀྱི་མཛད་སྒོ་གོ་སྒྲིག་གནང་རྒྱུ་དང་། ཕྱོགས་མཚུངས་གོང་བརྗོད་ཨུ་རུ་སུ་ནང་པའི་སྤྱི་མཐུན་རྒྱལ་ཁབ་ནང་དུའང་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་པ་བཅས།།