༢༠༡༥ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༡ ལོར་ཨབ་གྷ་ནི་སི་ཐན་ Afghanistan གྱི་བྷ་མི་ཡན་ Bamiyan ཡུལ་གཤོང་དུ་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས་གནའ་བོའི་སྟོན་པའི་སྐུ་བརྙན་གྲགས་ཅན་ཁག་འབར་རྫས་ཀྱིས་གཏོར་བཤིག་བཏང་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ནང་པའི་དབུ་ཁྲིད་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པའི་རྗེས་འབྲང་པ་ས་ཡ་མང་པོས་བློ་འཚབ་ཆེན་པོ་མཛད་ཡོད། ཉེ་ཆར་ཡུལ་དེའི་སི་ཏུ་ཞེས་པའི་གྲོང་ཁྱེར་དུ་རྒྱ་རིགས་ཇེ་སན་ཡུ་ Janson Yu དང་ལི་ཡན་ཧུ་ Liyan Hu བཅས་བཟའ་མི་གཉིས་ཀྱིས་དེང་རབས་འཕྲུལ་ཆས་ཀྱི་ལམ་ནས་བསྐྱར་བཟོའི་ལས་གཞི་འགོ་འཛུགས་གནང་བར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༢ ཉིན་ལེགས་གསོའི་བསྔགས་བརྗོད་ཀྱི་གསུང་འཕྲིན་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་བསྔགས་བརྗོད་ཀྱི་གསུང་འཕྲིན་ནང་འཁོད་དོན། དེ་སྔ་ཕྱི་ལོ་ ༢༠༠༡ ཟླ་ ༣ པའི་ནང་བྷ་མི་ཡན་སྟོན་པའི་སྐུ་བརྙན་གཏོར་སྐབས་ངོས་རང་ཧ་ཅང་བློ་ཕམ་བྱུང་། སྟོན་པའི་སྐུ་བརྙན་དེ་དག་ལ་ང་ཚོ་ནང་པ་ཙམ་མ་ཟད། ཨབ་གྷན་ཡུལ་ལའང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། གནའ་རྫས་དེ་དག་ནི་ལོ་རྒྱུས་ཁྲོད་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་མཚོན་ཐུབ།
སྤྱིར་སྟོན་པའི་སྐུ་བརྙན་ངོ་མ་དེ་གཏོར་ཟིན་ཡང་ཉེ་ལམ་རྒྱ་རིགས་བཟའ་ཚང་གཉིས་ཀྱིས་དེང་དུས་འཕྲུལ་ཆས་ (3-D holographic projection) ལམ་ནས་བསྐྱར་གསོའི་ལས་གཞི་སྤེལ་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ལྷག་པར་བཟའ་ཚང་ཁོང་གཉིས་ཀྱིས་བྷ་མི་ཡན་སྟོན་པའི་སྐུ་བརྙན་བཞུགས་གནས་ངོ་མ་དེར་ཚོད་ལྟ་གནང་རྗེས་སི་ཏུ་གྲོང་ཁྱེར་དུ་ལས་འཆར་སྤེལ་བཞིན་ཡོད་འདུག་པར་བརྟེན་དགའ་ཚོར་གྱི་ཡུལ་དུ་གྱུར། ཐེངས་འདིར་སྟོན་པའི་སྐུ་བརྙན་ཉམས་གསོའི་ལས་གཞི་དེར་ངོས་ཀྱི་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་མ་ཟད། ལས་གཞི་འདིའི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།