༢༠༡༥ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱ་སྟོན་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་མགོན་༸སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་༸རྒྱལ་མཆོག་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བརྩུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་བསྟན་འཛིན་རྒྱ་མཚོ། སྲིད་གསུམ་དབང་བསྒྱུར། མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གང་ཉིད་དགུང་གྲངས་ ༨༠ ཕེབས་པའི་བོད་ལུགས་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་ངོས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྲོད་ཆེས་གཉན་འཕྲང་ཆེ་ལ་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བདག་གིར་བཞེས་ནས་ད་བར་བཀའ་དྲིན་བསྐྱངས་དང་བསྐྱང་མུས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་གཅིག སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་ལམ་སྟོན་སྩལ་བ་རྣམས་བཀའ་བཞིན་བསྒྲུབ་རྒྱུའི་བདག་ཅག་བོད་མི་འགོ་མང་ཡོངས་ནས་འབད་བརྩོན་སྔར་ལྷག་ཞུ་རྒྱུའི་དམ་བཅའ་ཞུ་རྒྱུ་དང་། མགོན་པོ་གང་ཉིད་མཆོག་བདག་ཅག་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་། ལྷག་པར་ལོ་ཤས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ནས་དགུང་གྲངས་ ༡༡༣
ཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྩལ་བ་དེར་འགྱུར་བ་གཏན་ནས་མེད་པར་སླར་ཡང་གསོལ་འདེབས་ནན་པོ་ཞུ་རྒྱུ་ཡིན། གུས་སྐྱབས་འོག་པ་ཡང་༸གོང་ས་ཆེན་པོ་གང་ཉིད་ཀྱིས་དབུ་ཁྲིད་འོག་བོད་བསྟན་སྲིད་མི་རིགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་བསྐལ་བ་བཟང་པོ་ཡིན།
ཞེས་བཀའ་དྲིན་བསམ་ཤེས་ཞུ་བཞིན་ཡོད་ལགས་པ་བཅས། མཐའ་དོན་༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་འཚམས་འདྲིའི་གསུང་བཤད་གནང་གྲུབ་མཚམས་ཨིན་སྐད་ཐོག་ནས་འཚམས་ཞུའི་གསུང་བཤད་གནང་དོན། ༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་ཐབས་དང་ཀུན་ཁྱབ་འགན་ཁུར་གྱི་ལམ་ནས་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་གནང་མཛད་པ། དེ་བཞིན་བོད་མིའི་ཐུན་མིན་རིག་གཞུང་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་སྐུ་ངལ་འཛེམ་མེད་ཀྱིས་ཐུགས་བརྩོན་མཛད་དང་མཛད་བཞིན་པ་དེར་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་ད་བར་ཕྱག་དེབ་གྲངས་བརྒྱ་ལྷག་ལྗགས་རྩོམ་མཛད་པ་དང་།
ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་དྲུག་ཅུ་ལྷག་ནང་ཆིབས་སྒྱུར་བསྐྱངས་པ་མ་ཟད། ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་རྒྱལ་སྤྱིའི་ཁྱོན་དུ་གཟེངས་རྟགས་སྙན་གྲགས་ཅན་ ༡༥༠ ལྷག་འབུལ་བཞེས་མཛད་ཡོད། དེ་ནི་གཙོ་བོ་མགོན་པོ་གང་ཉིད་མཆོག་གིས་སྐུའི་མཁྱེན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས་འདི་ཕྱིའི་བླང་དོར་ལམ་སྟོན་མཛད་པའི་མཛད་རྗེས་ལ་འཛམ་གླིང་ཁྱོན་དུ་ངོས་འཛིན་ཞུས་པ་ཞིག་མཚོན་བཞིན་ཡོད། ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་དབུ་ཁྲོད་ཁྲོད་སྐུ་ཉིད་མཆོག་ལ་གུས་བཀུར་ཞུ་སླད་ཁྱད་འཕགས་ཀྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། ཞེས་མཚན་བསྟོད་རྒྱ་ཆེ་ཞུ་བཞིན་ཡོད། ༸གོང་ས་མཆོག་སྐུ་ཉིད་ནི་དོན་དམ་གྱི་མང་གཙོའི་འཐབ་རྩོད་པ་ཞིག་ཡིན་པ་དང་། སྐུ་ཉིད་མཆོག་ལ་བདག་ཅག་བོད་འབངས་རྣམས་ཀྱིས་སྙིང་ཐག་པ་ནས་དད་གུས་དང་དགའ་མོས་ཧ་ཅང་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བུར་ཁྲིད་གནང་མཛད་ནས་རེ་བའི་མིག་བུ་གསར་པ་ཞིག་སྦྱིན་སོང་། སྐུ་ཉིད་མཆོག་ནི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཀྱང་ཡིན། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་འཛམ་གླིང་གི་སྣེ་གསུམ་པར་གྲགས་པ་བོད་ཀྱི་ཁོར་ཡུག་སྤྱི་དང་ལྷག་པར་བོད་ནས་ཐོན་པའི་གཙང་ཆུ་དང་རྒྱུག་ཆུ་སོགས་སྲུང་སྐྱོབ་དགོས་པའི་བཀའ་སློབ་ལམ་སྟོན་ལན་མང་མཛད་ཡོད། སྐུ་ཉིད་མཆོག་ནི་དྲང་བདེན་དང་འདྲ་མཉམ་གྱི་འཐབ་རྩོད་པ་ཞིག་ཡིན། དེང་སྐབས་འཛམ་གླིང་ཁྱོན་དུ་དབུལ་ཕྱུག་བར་ཁྱད་ཧ་ཅང་ཆེ་རུ་འགྲོ་བཞིན་པའི་དཀའ་ངལ་སེལ་ཆེད་བཀའ་སློབ་ལམ་སྟོན་མཛད་དང་མཛད་མུས་ཡིན། ༸གོང་ས་མཆོག་གིས་རྒྱུན་དུ་མགོན་པོ་གང་ཉིད་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། ཞེས་བཀའ་སློབ་སྩོལ་བཞིན་ཡོད། འོན་ཀྱང་འཛམ་གླིང་ཁྱོན་དུ་སྐུ་ཉིད་མཆོག་ནི་རེ་བའི་མིག་བུ་དང་བདེ་སྐྱིད་ཀྱི་འོད་སྣང་ཞིག་ཆགས་ཡོད། ནང་པ་ཚོར་མཚོན་ན། སྐུ་ཉིད་མཆོག་ནི་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ་ཞིག་ཆགས་ཡོད། བོད་གངས་ཅན་པ་རྣམས་ལ་༸གོང་ས་མཆོག་སྐུ་ཉིད་ནི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཆགས་ཡོད། ཅེས་གསུངས་རྗེས་སྐུ་མགྲོན་རྣམས་ལ་མཛད་སྒོའི་ཐོག་ཆེད་ཕེབས་གནང་བར་ཐུགས་རྗེ་ཞུས་ཡོད་པ་བཅས།།