༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལྡན་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་བསྟུན་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་ལོ་ ༨༠ ཧྲིལ་པོ་ཟིན་པ་རེད། དེ་སྔ་བོད་ལ་ཡིན་ན་བོད་ཟླ་ ༥ ཚེས་ ༥ ཉིན་ངོས་ཀྱི་སྐྱེས་སྐར་རྩིས་སྟངས་དེ་བོད་ལོར་རྩིས་བཞིན་ཡོད། དེ་ནས་ང་ཚོ་རྒྱ་གར་ལ་བསླེབས་རྗེས་བོད་ལོའི་ཚེས་གྲངས་ལ་ཆད་ལྷག་མང་པོ་ཞིག་ཡོང་གི་ཡོད། ཕྱི་ལོ་འདི་འཛམ་གླིང་ཀུན་ལ་གཅིག་འགྱུར་ཆགས་ཡོད་སྟབས། སྐྱེས་སྐར་དེ་ཕྱི་ལོར་གཞིར་བཟུང་བྱས་ན་ཞེས་ཕྱི་ལོ་དེ་འདི་ལྟར་བྱས་ཏེ་བཞག་པ་རེད། འདི་ལོ་ཕྱི་ལོའི་སྐྱེས་སྐར་ངོས་ཀྱི་ངོ་ཤེས་ཨ་རི་བ་དེ་ཚོས་ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སིར་སྲུང་བརྩི་བྱེད་རྒྱུར་སྔ་ལོ་ནས་གཏན་འཁེལ་བ་རེད། འདིར་སྐྱེས་སྐར་གྱི་རྟེན་འབྲེལ་བོད་ལུགས་ལྟར་བོད་ཟླ་ ༥ ཚེས་ ༥ ཉིན་བྱས་ན་ཞེས་པ་ལྟར་སྐྱེས་སྐར་གྱི་རྟེན་འབྲེལ་བྱས་པ་རེད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་དང་། མདོ་སྨད་ཆོལ་ཁ། ཆོས་བརྒྱུད་རི་བོ་དགེ་ལྡན་པ་བཅས་ཁྱེད་རང་ཚོ་ཁག་གསུམ་གྱི་ཐོག་ནས་བརྟན་བཞུགས་གནང་བ་རེད། ང་ཚོ་འདིར་ངོས་དང་ཕ་མ་གཅིག་བྱས་ནས་སྤུན་ལྷག་བསྡད་པ་དེ་རྒྱལ་ལོ་དོན་གྲུབ། པདྨ། བསྟན་འཛིན་ཆོས་རྒྱལ་བཅས་ང་ཚོ་ཕ་གཅིག་མ་གཅིག་ཆགས་ཡོད། དེ་རིང་སྐྱེས་སྐར་ཐོག་ཚང་མ་རུབ་རུབ་བྱས་ཏེ་འཛོམས་པ་རེད། དུས་ཚོད་འདིའི་ཐོག་གཙོ་ཆེ་ཤོས་བདག་ཁྲི་རིན་པོ་ཆེ་དབུ་བཞུགས་དང་། ང་རང་ཚོ་གངས་ཅན་པའི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མའི་དབུ་འཛིན་བཅས་ཚང་འཛོམས་ཐོག་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་ཐུགས་བསྐྱེད་སྨོན་ལམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དགེ་ལུགས་ཆོས་ཚོགས་སྦྱིན་བདག་གི་གྲས་ཤིག་ཡིན་དུས་དགེ་ལྡན་གྱི་གདན་ས་ཁག་གི་མཁན་པོ་ལས་ཟུར་མང་པོ་ཞིག་ཕེབས་འདུག ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱི་ཐོག་ནས་སྒྲུབ་ཆོག་བདུན་ཕྲག་གཅིག་རིང་གནང་ཡོད། ཐེངས་འདིའི་ཆོ་ག་དེ་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ཞེས་༸གོང་ས་ལྔ་པ་ཆེན་པོར་དག་སྣང་བྱུང་བའི་ཆོས་འཁོར་ཞིག་ཡོད།
དག་སྣང་དེ་དག་མང་ཆེ་བ་ལྷ་སའི་ལོཀ་ཨེཤ་ཝར་དང་། མངའ་རིའི་ཇོ་བོ་ཝ་ཏི་བཟང་པོ། སྐབས་དེར་༸གོང་ས་ལྔ་པ་ཆེན་པོས་ལྷ་སར་གདན་ཞུ་གནང་སྟེ་འཕགས་པ་ཆེ་གསུམ། ཞེས་གསུང་རྒྱུ་ཡོད། འཕགས་པ་ཆེས་གསུམ་རྟེན་གྱི་གཙོ་བོར་བཞག་སྟེ་དམིགས་བསལ་གྱི་ལྗགས་གཉེན་གནང་སྐབས། དག་སྣང་མི་འདྲ་བ་ཧ་ཅང་མང་པོ་ཞིག་བྱུང་ཡོད། ༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་གསང་བ་རྒྱ་ཅན་གྱི་དབང་ལུང་ཁྲིད་དེ་དག་བྱས་ནས་གང་ལྟར་༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་གསང་བ་རྒྱ་ཅན་གྱི་ཆོ་ག་འདི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཕ་ཆོས་ལྟ་བུ་ཆགས་ཡོད། དེར་བརྟེན་དེ་རིང་གི་བརྟན་བཞུགས་འདི་གསང་བ་རྒྱ་ཅན་ནང་ཡོད་པའི་ཚེ་སྒྲུབ་དེའི་ཐོག་ནས་གནང་བ་རེད། ༸གོང་ས་ལྔ་པ་ཆེན་པོས་ཐུགས་བསྐྱེད་ལ་བརྟེན་མི་འདྲ་བ་ཡོང་གི་ཡོད། དེར་བརྟེན་ངོས་རང་ཆུང་དུས་རྡོ་རྗེ་འཆང་སྟག་བྲག་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་གསང་བ་རྒྱ་ཅན་གྱི་ཆོ་ག་ཆ་ཚང་ཐོབ་ཡོད། དེ་ནས་རིམ་པས་རྒྱ་གར་ལ་བསླེབས་ནས་གསང་བ་རྒྱ་ཅན་གྱི་ཆོས་འཁོར་གཙོ་ཆེ་བ་དེ་དག་བཀའ་བརྒྱད་སྤྱི་ཁྲིད་གཙོ་བོར་གྱུར་བའི་དཀྱིལ་འཁོར་གཙོ་ཆེ་བ་དེ་དག་བསྙེན་པ་བཏང་བ་དེ་འདྲ་ཡིན། ངོས་རང་ཆུང་དུས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསང་བ་རྒྱ་ཅན་ཞུ་སྐབས་ཕལ་ཆེར་དབང་གང་དང་གང་ཞུས་པ་དེ་དང་འབྲེལ་བའི་རྨི་ལམ་མཚན་མ་བྱུང་། དེ་དུས་དོ་སྣང་གང་ཡང་མེད། རྨི་ལམ་ཞིག་བཏང་བྱུང་བསམ་པ་ལས་དོ་སྣང་གང་ཡང་མེད། རྗེས་སུ་ཡོངས་འཛིན་རྣམ་གཉིས་དང་བཀའ་མོལ་བྱུང་སྐབས་དེ་དག་དམིགས་བསལ་བ་ཞིག་རེད་འདུག ཅེས་བཀའ་སློབ་གནང་མྱོང་ཡོད། དེ་རིང་གསང་བ་རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་གནང་བ་རེད།
དེ་རིང་གི་བརྟན་བཞུགས་འདི་ཡང་བོད་ལྗོངས་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བརྟན་བཞུགས་གནང་བ་རེད། གང་ལྟར་གཙོ་བོ་དད་པ་དང་། ཡང་སྒོས་ཏིང་ངེ་འཛིན་དང་སྔགས། རྫས་གསུམ་གྱི་སྒོ་ནས་ཚེ་སྲིང་རྒྱུར་རྟེན་འབྲེལ་གྱི་ཁྱད་པར་ཞིག་ཏན་ཏན་ཡོང་གི་རེད། གལ་ཆེ་ཤོས་ཁྱེད་རང་ཚོ་བྱེས་འཁོད་རྒྱ་ཆེའི་མི་མང་དང་། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་བཅས་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ངོས་ལ་ཡིད་ཆེས་དང་བློ་འགེལ་བྱེད་ཀྱི་ཡོད། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཟེར་བ་དེ་ཕར་བཞག ཚེ་འདི་གའི་མཐོང་ཆོས་ཆ་ནས་བཤད་པ་ཡིན་ནའང་གང་ལྟར་ཧ་ལམ་ཡོངས་རྫོགས་ཀྱིས་ངོས་ལ་ཡིད་ཆེད་བྱས་ནས་བློ་འགེལ་གྱི་ཡོད། དེར་བརྟེན་ད་ལྟ་བར་དུ་ངོས་རང་ལོ་ངོ་བརྒྱད་ཅུ་ལ་བསླེབས་ཡོད། ད་ལྟ་ཡིན་ནའང་གཟུགས་པོ་བདེ་ཐག་ཆོད་ཡིན། ངས་སྨན་པ་བསྟན་མྱོང་ཡོད། སྨན་པས་ད་དུང་ལོ་ ༢༠ ལྷག་སྡོད་རྒྱུར་ཐེ་ཚོམ་མི་འདུག ཟེར་ནས་དེ་འདྲ་ཤོད་ཀྱི་འདུག དེར་བརྟེན། ཧ་ལམ་ལོ་བརྒྱད་ཅུ་ནས་ད་དུང་ལོ་བཅུ་ཕྱིན་ན་ལོ་དགུ་བཅུ་རེད། ད་ལྟ་འདིར་ལོ་བརྒྱད་ཅུ་ལོན་པའི་གྱ་སྟོན་བྱེད་ཀྱི་འདུག་པ་ལྟར་རྗེས་མ་ངོས་རང་ལོ་དགུ་བཅུ་ལ་བསླེབ་སྐབས་དགུ་སྟོན། ཟེར་བའི་རྟེན་འབྲེལ་འདི་འདྲ་ཞིག་བྱེད་ཤོག་ཨང་། ཁྱེད་རང་ཚོ་སྤོ་བོ་སྤོ་མོ་ཚོས་རིག་པ་བསྒྲིམས་ནས་འཆི་བདག་གཤིན་རྗེ་ཡོང་གི་འདུག་ཀྱང་ཨམ་གཙིགས་བསྡམས་ཏེ། ༸རྒྱལ་བ་རིན་པོ་ཆེ་ལོ་དགུ་བཅུའི་དགུ་སྟོན་བར་དུ་བསྡད་ཐུབ་པ་བྱ་རྒྱུ་ཡིན་བསམ་ནས་སེམས་ཤུགས་སྐྱེད་ཤོག་ཨང།
ད་ལྟ་བོད་གངས་ཅན་ལྗོངས་ལ་རང་དབང་མེད། དེ་འདྲ་ཡིན་དུས་ས་ཁུག་ལུང་ཁུག་དེ་འདྲར་དེ་རིང་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ལ་ཚང་མས་སྨོན་ལམ་བརྒྱབ་པ་དང་དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད་པ་རེད། ས་ཁུལ་མང་པོ་ཞིག་ལ་རང་དབང་མེད་སྟབས་འདི་བྱེད་ཆོག་གི་མེད། དེ་འདྲ་ཡིན་དུས་གང་ལྟར་སེམས་ནང་དམིགས་བསལ་དད་པ་དང་འདུན་པ་རྩེ་གཅིག་ཡོད་པ་ཡིན་དུས། ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་ཡིན་ནའང་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟ་བར་དུ་ང་ཚོ་བོད་གངས་ཅན་པ་ཧ་ལམ་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ཆོས་ལ་དད་པ་ཡོད་ཀྱང་རུང་མེད་ཀྱང་རུང་། གང་ལྟར་མི་རིགས་ཀྱི་ཞེན་ཁོག་དང་མི་རིགས་ཀྱི་ཐོབ་ཐང་ཐོག་ལ་ཚང་མས་སེམས་ཤུགས་དང་འདུན་པ་གཅིག་མཐུན་རེད་འདུག ང་ཚོ་བོད་ཀྱི་མེས་པོ་རྣམ་པས་དེའི་དུས་དེའི་ཚེ་འཛམ་གླི་སྤྱི་ཚོགས་སྤྱིར་བཏང་བཤད་པ་ཡིན་ན། ཧ་ཅང་གི་རིག་གཞུང་དང་དེ་ཚོའི་ཐོག་ལ་ལོ་ངོ་སྟོང་ཕྲག་དགུའི་གོང་ལ་བརྩིས་ན། ལུང་པ་གཞན་ཚོར་རིག་གཞུང་གི་ཆུད་ཚད་དེ་ཙམ་མེད། འོན་ཀྱང་ང་ཚོ་བོད་པ་ཚོར་སོ་སོར་བོད་ཡིག་ཡོད་པ་དང་། རྒྱ་གར་ནས་ནང་ཆོས་སྒྱུར་རྒྱུ་དང་ཆབས་ཅིག་བོད་ཡིག་ཡར་རྒྱས་བཏང་ཡོད། དེང་སང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཚན་རིག་དང་ལྟ་གྲུབ་དེ་ཚོའི་གྲས་ཆ་ཚང་ཞིག་མ་ནོར་མ་འཁྲུལ་བ་གཅིག་འགྲེལ་བཤད་བརྒྱབ་ཐུབ་མཁན་གྱི་སྐད་ཡིག་དེ་བོད་ཡིག་གཅིག་པུ་རེད་འདུག ལེགས་སྦྱར་ད་ཡོད་མ་རེད། མཁས་པ་རེ་ཟུང་གིས་ལེགས་སྦྱར་ཕྲན་བུ་ཤེས་པ་མ་གཏོགས་ཧ་ཅང་ཁག་པོ་རེད། ཧིན་དིའི་ནང་མེད། རྒྱ་ཡིག་ནང་དངོས་གནས་བྱས་ན་བོད་ལ་ནང་ཆོས་མ་དར་གོང་ཆེན་པོ་རྒྱ་ཡི་ཡུལ་ལ་ལོ་བརྒྱ་ཕྲག་ཁ་ཤས་གོང་ནས་ནང་ཆོས་དར་བ་རེད། གཞུང་ཧ་ཅང་མང་པོ་བསྒྱུར་ཡོད། འོན་ཀྱང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཙོ་ཆེ་བ་བསྟན་འགྱུར་ནང་ཡོད་པའི་གཞུང་དེ་ཚོའི་གྲས་མང་པོ་ཞིག་བོད་ཡིག་ནང་ཡོད་པ་ལས་རྒྱ་ཡིག་ནང་མེད། ངོས་ཀྱི་ངོ་ཤེས་པ་ཚོས་བརྗོད་པ་ལྟར་ན། རྒྱ་ཡིག་ནང་ཡོད་པ་དེ་དག་རྒྱ་སྐད་ཀྱི་བརྡ་རྙིང་པ་ཤུགས་ཆེན་པོ་ཡོད་སྟབས་ཕྲན་བུ་གོ་ཁག་པོ་ཡོད་པ་བཤད་ཀྱི་འདུག གང་ལྟར་ང་ཚོའི་བོད་ཡིག་ནང་ཡོད་པ་དེ་དག་སོ་སོས་སློབ་སྦྱོང་མ་བྱས་ན་དེ་ག་རེད། སློབ་སྦྱོང་བྱས་ན་བོད་ཡིག་གི་ནང་སངས་རྒྱས་ཀྱི་ཆོས་ཚུལ་སྤྱི་དང་། ལྷག་པར་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་གི་བརྟག་སྒོམ་སྤྱོད་གསུམ་ཞུས་ནའང་འགྲིག་འདུག
གང་ལྟར་དངོས་ཡོད་གནས་ཚུལ་གྱི་སེམས་ཁམས་རིག་པའི་སྐོར་དེ་དག་འཛམ་གླིང་གི་གཅེས་ནོར་རེད། ཅེས་ཕལ་ཆེར་བརྗོད་ཐུབ་རྒྱུ་ཞིག་རེད། དེ་བཞིན་ལྟ་གྲུབ་ཀྱི་སྐོར་དེ་ཚོའི་གྲས་སྔོན་རྒྱ་གར་གྱི་མཁས་པ་དེ་དག་གིས་རིག་སྟོབས་ཀྱི་ཐོག་ནས་དཔྱད་པ་བྱེད་རྒྱུའི་ནུས་པ་དེ་ཧ་ལས་པའི་ཆེན་པོ་རེད། དེ་དག་གི་རྣམ་དཔྱོད་ཀྱི་རྩལ་ནས་ཐོན་པའི་ལེགས་བཤད་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པ་དེ་དག་བོད་ཡིག་ནང་བསྒྱུར་བ་ཙམ་མ་ཟད། བོད་ཡིག་ནང་ཡོད་པའི་གཞུང་དེ་དག་སློབ་སྦྱོང་བྱེད་རྒྱུའི་ཀློག་དེབ་རང་ལ་རྩིས་ནས། མི་རབས་ནས་མི་རབས་ཐོས་བསམ་སྒོམ་གསུམ་བྱེད་དགོས། དེ་ལྟར་བྱས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་སྒོས་དཔལ་ནཱ་ལེནྡྲའི་རྒྱལ་བའི་བསྟན་པ་འདི་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་ཐོག་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དེ་ཕལ་ཆེར་ང་ཚོ་བོད་པ་ཚོས་བྱས་པ་དེ་ཤུགས་ཆེ་ཤོས་ཡིན་ས་རེད། དེ་དང་འབྲེལ་ནས་ཁྱིམ་མཚེས་ཡུལ་གྲུ་དེ་དག་གི་ནང་གང་ལ་གང་ཙམ་ཡོད། ལྷག་པར་ཧོར་གྱི་ཡུལ་གྲུ་ཁག་དེ་སྔ་ཡིན་ན་མཁས་པ་མང་པོ་བྱུང་ཡོད། དེར་བརྟེན་ང་རང་ཚོ་བོད་གངས་ཅན་པ་ཚོས་སྤྱི་ཡོངས་ཐོག་བསམ་བློ་བཏང་ན། སོ་སོའི་མི་རིགས་ལ་རྨོངས་ཞེན་གྱི་སྐད་ཆ་ཙམ་མིན་པར་རྒྱུ་མཚན་ལྡན་པའི་ཐོག་ནས་ཞེན་ཁོག་བྱེད་རྒྱུ་ཞིག་འདུག
ང་ཚོའི་ཆོས་དད་ལ་ཆ་བཞག་ན་ཤེས་ནས་དད་པ་ཐོབ་པ་དང་། ཞེས་པ་ལྟར་རྗེས་སུ་འབྲང་ནས་དད་པ་བྱེད་རྒྱུ་ཡོང་གི་འདུག དེ་ལྟར་བྱས་ཏེ་ང་ཚོས་མི་རིགས་ཀྱི་ཞེན་ཁོག་དེ་རྨོངས་ཞེན་གྱི་ཞེན་ཁོག་ཙམ་མིན་པར། རྒྱུ་མཚན་ལྡན་པའི་ཞེན་ཁོག་བྱས་ཏེ་འཛམ་གླིང་འདིའི་སྟེང་ཕན་ཐོགས་བྱེད་ཐུབ་རྒྱུའི་ཤེས་ཡོན་ཞིག་བོད་ཡིག་ནང་ཡོད་པ་དང་། འཛམ་གླིང་སྤྱི་ལ་གང་ལ་གང་ཙམ་ཕན་ཐོགས་བྱེད་ཐུབ་རྒྱུའི་ནུས་པ་ཏན་ཏན་འདུག དེ་ངོས་རང་ལ་དངོས་སུ་འདས་པའི་ལོ་ངོ་ ༥༠ ལྷག་གི་ནང་འདི་ལྟ་བུའི་ཉམས་མྱོང་བྱུང་། དེར་བརྟེན་ང་ཚོ་གཞིས་བྱེས་བོད་མི་ཚང་མས་སོ་སོའི་མི་རིགས་དང་སྐད་ཡིག་གི་ཐོག་ཡོད་པའི་ཆོས་དང་རིག་གཞུང་དེ་དག་དངོས་གནས་དྲང་གནས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གཏིང་ཟབ་ཡོད་པ་དེ་དག་ལ་སློབ་སྦྱོང་བྱས་ཏེ་ཤེས་པ་བྱས་ནས། སོ་སོའི་མི་རིགས་ཀྱི་ཐུན་མིན་རིག་གཞུང་དང་ཤེས་ཡོན་དེ་དག་དུས་ད་ལྟ་བར་ཚང་མས་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཚང་མས་ཧུར་བསྐྱེད་གནང་རོགས་གནང་། ངོས་ཀྱི་ངོ་ཤེེས་ཁ་ཤས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ལ་ཕྱག་རྟགས་གང་དགོས་ཞེས་དྲིས་མཁན་བྱུང་། ངོས་ལ་ཕྱག་རྟགས་གང་ཡང་དགོས་ཀྱི་མི་འདུག ངོས་ལ་ཕྱག་རྟགས་ཡག་ཤོས་དེ་ངོས་ཀྱིས་རེ་འདུན་བྱས་པ་དེ་སྟོང་སྐད་མིན་པ་ལོ་མང་པོ་ཉམས་མྱོང་བསགས་པའི་དངོས་ཡོད་གནས་ཚུལ་ཕྱོགས་བསྡོམས་བྱས་པའི་རེ་འདུན་ཞིག་ཡིན་མ་གཏོགས། ལོ་གསུམ་ཕྱོགས་གསུམ་ལ་སངས་རྒྱས་པར་ཤོག ཟེར་རྒྱུ་ལྟ་བུ་དང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཤོག་ཟེར་རྒྱུ་དེ་ཚོའི་གྲས་ང་ཁ་ཧམ་པ་ཚ་བོ་རེད་མ་གཏོགས། དེ་ཚོའི་གྲས་སྟོང་སྐད་ཕྲན་བུ་འདུག ཡོང་རྒྱུ་མི་འདུག བསྐལ་ཆེན་ནས་བསྐལ་ཆེན་ཟེར་བ་ཡིན་ན་སེམས་ནང་སྙིང་སྟོབས་སྐྱེས་ཡོང་གི་འདུག དངོས་གནས་རེ་བ་བརྒྱབ་བསམས་པ་ཞིག་ཡོང་གི་འདུག ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སམ་ག་ཏེ་བྷོ་དྷི་སྭ་ཧཱ། ཞེས་བརྗོད་སྐབས་ཐེག་ཆེན་ཚོགས་ལམ་ཐོབ་རྒྱུ་ཕལ་ཆེར་མི་ཡོང་ངམ་བསམ་པ་དང་། གཞི་གནས་ཀྱི་ཉམས་ལེན་ཕྲན་བུ་བྱུང་ན་སྦྱོར་ལམ་ཐོབ་རྒྱུའི་རེ་བ་རྒྱག་བཞིན་ཡོད། དེར་བརྟེན་དེ་དག་དངོས་ཡོད་གནས་ཚུལ་རེད།
དེ་ལྟར་བྱས་ཏེ་ང་ཚོས་ལོ་ངོ་སྟོང་ཕྲག་ནས་བདག་ཉར་བྱས་པའི་བོད་ཀྱི་ཤེས་ཡོན་དེ་དག་གི་ཐོག་ནས་འཛམ་གླིང་སྤྱི་ལ་གང་ལ་གང་ཙམ་གྱི་ཕན་ཐོགས་བྱེད་ཐུབ་རྒྱུའི་ཆ་རྐྱེན་ཏན་ཏན་འདུག དེ་ང་ཚོས་བེད་སྤྱོད་ཡག་པོ་བྱེད་ཐུབ་དང་མ་ཐུབ། བེད་སྤྱོད་བྱེད་སྟངས་དེ་ཡང་དངོས་ཡོད་གནས་ཚུལ་དང་འཚམ་པ་ཞིག་བྱེད་ཐུབ་དང་མ་ཐུབ་དེ་ང་ཚོར་རག་ལུས་ཡོད། དེར་ཁྱེད་རང་ཚོས་དགོངས་པ་བཞེས། ངོས་ལོ་རྒས་འགྲོ་གི་ཡོད། ཁྱེད་རང་ཚོ་གཞོན་སྐྱེས་དེ་དག་གིས་ངོས་ལ་ཡིད་ཆེས་དང་བློ་དད་བྱེད་མཁན་ཚོས་མི་རྒས་པོ་འདིས་འདི་འདྲ་ཟེར་གྱི་འདུག་བསམས་ཏེ་ཚང་མས་ཧུར་ཐག་བྱེད་དགོས། འདི་ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་དེ་འདི་ཡིན། དེ་བྱུང་ན་ངོས་རང་བློ་ཚིམ་པ་ཡོང་ངེས་རེད། ང་ཚོ་ཐུག་པའི་སྐབས་སྐྱབས་སུ་མཆི། ཟེར་རྒྱུ་དང་། ངོ་ཐོག་སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་མི་ཚེ་སྐྱེལ་སྟངས་ནང་དེ་ཙམ་གྱི་ཚོར་བ་མེད་པ་བྱས་ཏེ་བསྡད་ན་ཕན་ཐོགས་གང་ཡང་མེད། དེར་བརྟེན་ང་ཚོས་ཆོས་ཀྱི་ཉམས་ལེན་དེ་ཡག་པོ་ཞིག་མ་བྱུང་ན་ཁ་ནས་འདྲ་ཆགས་པོ་བཤད། ལག་ལེན་གྱི་ཐོག་ནས་མེད་ན། སོ་ནམ་གྲོང་པའི་དཔེ་ལ་ལྟོས། ཞེས་པ་ལྟར་རེད། འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་མི་འདྲ་བའི་ནང་བཞུགས་མཁན་རིགས་གཅིག་གིས་འདི་ལྟར་བྱེད་ཀྱི་འདུག ཁ་ནས་ཆོས་བཤད་པ་དང་ལག་ལེན་གྱི་ཐོག་གོ་ལྡོག་པ་ཟེར་ན་མི་འདུག ཆོས་ནང་བཤད་པ་བཞིན་ངོ་ཤེས་པ་བྱས་ནས་འགྲོ་མཁན་མི་འདུག དེ་ཚོ་ནི་རང་བློ་རང་ལྐོག་ཏུ་མ་འགྱུར་བ་ཡིན་དུས་ང་ཚོས་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱི་རྟག་ཏུ་ཡིན་མདོག་མདོག་དང་ནང་རྟག་ཏུ་གང་ཡང་མེད་མཁན་ཞིག་ཆགས་ན། སྐྱག་རྫུན་ཤོད་ཀྱི་ཡོད། མགོ་སྐོར་གཏོང་གི་ཡོད། དེ་ཁྱོན་ནས་ཡག་པོ་ཡོད་མ་རེད། འདི་ངོས་ཀྱིས་རྟག་ཏུ་ཞུ་གི་ཡོད། དེ་རིང་ཁྱེད་རང་ཚོས་བརྟན་བཞུགས་གནང་སྟེ་གསོལ་འདེབས་ཞུས་པ་ཡིན་སྟབས་ངོས་རང་ཡང་བློ་ཁོག་ཕྲན་བུ་ཆེ་རུ་ཕྱིན་སོང་། དེ་དགོངས་པར་བཅང་ཨ། ད་ག་ཡིན་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།།