ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཊོ་ལི་ཡའི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མའི་ཐོག་མར་ཨོ་སི་ཊོ་ལི་ཡའི་ Seven West Media ཞེས་པའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་མོ་ནི་ཀ་ཀོ་སི་ Monika Kos ལགས་ཀྱིས་བཅར་འདྲིར་དང་ལེན་མཛད་གྲུབ་བསྟུན། ༸གོང་ས་མཆོག་གིས་བོད་མི་ཁྱོན་མི་གྲངས་ ༥༠ ཙམ་ལ་བཀའ་སློབ་སྩལ་དོན། ཁྱེད་རང་ཚོར་འཚམས་འདྲི་ཡོད། ང་ཚོ་བོད་པ་ས་ཆ་ག་པར་ཡོད་ནའང་བོད་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་བྱེད་མཁན་ཞིག་ཡིན་བསམས་པ་དེ་ནམ་ཡང་མ་བརྗེད་པ་བྱོས། ང་ཚོའི་ཤ་ཁྲག་འདུ་བྱེད་ཀྱི་ཕུང་པོ་འདི་བོད་ཀྱི་ཤ་ཁྲག་ལས་གྲུབ་པ་ཞིག་རེད། ང་ཚོ་མ་ཤི་བར་ཕུང་པོ་དེ་འགྱུར་རྒྱུ་མེད། ང་ཚོ་བོད་པ་ཡིན་བསམ་པའི་སྤོབས་སེམས་དགོས་པ་ཡིན།
སངས་རྒྱས་པའི་ཆོས་ཟེར་བ་དེས་སེམས་འདུལ་དགོས་པ་རེད། སེམས་འདུལ་ཟེར་བ་སྨོན་ལམ་བརྒྱབ་ནས་སེམས་འདུལ་མི་ཐུབ། སེམས་མ་འདུལ་བ་བྱེད་མཁན་དེ་གང་ཡིན་པ་ཤེས་པ་བྱས་ནས་དེའི་ལྡོག་ཟླའི་གཉེན་པོ་གང་ཡིན་པ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཡིག་ལ་དོ་སྣང་ཡོང་བར་ཁྱེད་རང་ཚོའི་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་སྔོན་ཨ་མི་རི་ཀའི་ཁྱིམ་ཚང་འགའ་ཤས་ནང་རང་གི་བུ་ཕྲུག་ལ་འཕྲལ་སེལ་ཨིན་ཡིག་བདེ་པོ་དང་གོམས་འདྲིས་ཡག་པོ་ཡོང་ཕྱིར་ཁྱིམ་ཚང་ནང་འཕྲལ་སེལ་ཨིན་སྐད་བརྒྱབ་ཡོད་པ་ཁ་ཡོད་ལག་ཡོད་ཕན་ཐོགས་བྱུང་ཡོད་རུང་། ཕུགས་རྒྱང་རིང་པོར་བསམས་ན། མི་རིགས་འདི་ནི་བོད་པའི་ཤ་ཁྲག་ལས་གྲུབ་པ་གང་ཞིག་བོད་ཡིག་དེ་མ་ཤེས་པ་བྱས། རིམ་པས་བསམ་བློ་གཏོང་སྟངས་དེ་ཡང་ཕྱི་རྒྱལ་བ་ལྟར་གཙང་མ་ཞིག་མ་ཆགས་པ་དང་། བོད་པ་གཙང་མ་ཞིག་ཆགས་མ་ཐུབ། ཕར་མེད་ཚུར་མེད་བར་ས་དེར་ལྷག་པའི་ཉེན་ཁ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་ University of Western Australia ཞེས་པའི་ཨོ་སི་ཊོ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་དང་ས་གནས་སློབ་གྲྭ་ཁག་འདྲ་མིན་ནས་ཁྱོན་སློབ་མ་གྲངས་༧༠༠ བརྒལ་བར་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕྱོགས་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། ཨོ་སི་ཊོ་ལི་ཡ་དང་ཨི་སི་རེལ་ཚོང་ལས་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཉིན་གུང་ལྗགས་སྨིན་ལྷན་བཞེས་དང་སྦྲགས་མི་གྲངས་ ༦༥༠ ཙམ་ལ་བཀའ་སློབ་སྩལ་ཡོད། ཨོ་སི་ཊོ་ལི་ཡ་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་སིངྒ་པུར་དུ་མཚན་གཅིག་བཞུགས་བཞག་མཛད་རྗེས་ཕྱི་ཉིན་སྔ་དྲོ་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར་ཡོད།