༢༠༡༥ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་ལུ་རུ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་པཱར་ཐ་ Perth ནང་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་པཱར་ཐ་ཨེ་རི་ན་ Perth Arena ཞེས་པའི་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་སྐབས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གཞས་སྣ་འཁྲབ་སྟོན་པ་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་ཆབས་ཅིག་དེར་འདུས་མང་ཚོགས་ ༤༠༠༠ ཙམ་གྱིས་ཚོགས་ཁང་ནང་འཚམས་འདྲའི་དགའ་བསུ་འབྲུག་སྒྲ་གྲགས་པ་ལྟར་ཞུས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་ཚོ། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རྣམས་དང་ལྷན་ངོས་ཀྱིས་མྱོང་ཚོར་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། ངོས་རང་དུས་རྒྱུན་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་ངོས་རང་ཡང་ཁྱེད་ཚོ་ནང་བཞིན་འགྲོ་བ་མི་གཅིག་ཡིན་བསམས་པ་དྲན་བཞིན་ཡོད། དེར་བརྟེན་ངོས་ཀྱིས་གང་བཤད་པ་དེ་དག་ཁྱེད་ཚོར་ཕན་ཐོགས་ཡོང་ངེས་རེད། འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་ནང་བསམ་བློའི་སེམས་ཚོར། གཟུགས་པོའི་གྲུབ་སྟངས་བཅས་ང་ཚོ་ཚང་མ་གཅིག་པ་ཆགས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། ང་ཚོར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། དེར་བརྟེན་ངོས་ཀྱིས་ང་ཚོ་ཚང་མ་གཅིག་པ་རེད་ཅེས་བརྗོད་བཞིན་ཡོད།
ངོས་རང་ལོ་ ༡༦ ཐོག་རང་ཉིད་མི་སྒེར་གྱི་རང་དབང་ཤོར་བ་དང། ལོ་ ༢༤ ཐོག་ངོས་ཀྱི་རྒྱལ་ཁབ་ཤོར་བ་རེད། འདས་པའི་ལོ་ངོ་ ༥༦ རིང་ངོས་རང་སྐྱབས་བཅོལ་བའི་གནས་བབ་ཐོག་གནས་ཡོད། འོན་ཀྱང་ངོས་དང་ངོས་ཀྱི་མི་མང་ལ་རྒྱ་གར་གཞུང་ནས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་ཡོད། ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་སྐྱབས་བཅོལ་གཞན་དང་བསྡུར་ན་ང་ཚོའི་གནས་སྟངས་དེ་བཟང་བ་ཡོད། ད་ལྟའི་བོད་ནང་གི་གནས་སྟངས་དེ་མུ་མཐུད་ཡིད་སྐྱོ་བའི་གནས་སུ་གྱར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད། ༸གོང་ས་མཆོག་ཨོ་སི་ཊོ་ལི་ཡར་གདན་ཞུ་ཚོགས་ཆུང་ Dalai Lama in Australia Ltd, གི་ཚོགས་གཙོ་སྐུ་ཞབས་རོབ་ཀེལ་ཌོ་ལིས་ Rob Keldoulis ལགས་ཀྱིས་ཆིབས་སྒྱུར་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་བསྟུན། ༸གོང་ས་མཆོག་ཨོ་སི་ཊོ་ལི་ཡར་གདན་ཞུ་ཚོགས་ཆུང་གི་འགན་འཛིན་ལྕམ་སྐུ་ལིན་བྷ་ཡེན་ Lynn Bain ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཨོ་སི་ཊོ་ལི་ཡའི་མང་ཚོགས་༢༠༠༠ གིས་འཚམས་འཕྲིན་འཁོད་པའི་དཔེ་དེབ་ཅིག་ཕྱག་རྟགས་སུ་འབུལ་ལམ་ཞུས་འདུག དེ་ཉིན་གྱི་མཛད་སྒོའི་མཐའ་མར་ཨོ་སི་ཊོ་ལི་ཡའི་འཁྲབ་སྟོན་པ་སུ་ཛི་མེ་ཐར་ Suzie Mather ལགས་དང་། ཇེ་མ་རིཀ་སི་ Jemma Rix ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དེ་དེར་འདུས་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲིའི་གླུ་དབྱངས་ཕུལ་འདུག །