ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཀ་ཊོམ་བྷ་ཞེས་ (Katoomba) པའི་ས་གནས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌི་བཅས་ནས་དད་ལྡན་མང་ཚོགས་གྲངས་ ༡༤༠༠ ཙམ་འདུ་འཛོམས་ཐོག་བརྟན་བཞུགས་བསྟར་འབུལ་སྐབས་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་སེར་སྐྱ་ཐུན་མོང་ནས་བཀའ་དྲིན་རྗེས་དྲན་གྱི་གསོལ་འདེབས་དང་དམ་བཅའ་ཞུས་པ་སྙིང་བསྡུས་གཤམ་གསལ།
མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་ཐུགས་རྗེ་དང་བཀྲིན་ཁོ་ནས་འཚོ་བ་འདི་ག་ཨོ་སི་ཊོ་ལེ་ཡར་གནས་འཁོད་བོད་རིགས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ཁྱབ་ཁོངས་སེར་སྐྱ་ཐུན་མོང་མགྲིན་གཅིག་ནས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོ། དེ་ཡང་ཇི་སྐད་དུ། རྒྱལ་བ་ཀུན་གྱི་བརྩེ་ཆེན་ཡེ་ཤེས་སྐུ། གཅིག་ཏུ་བསྡུས་པ་གངས་རི་ལྟར་དཀར་བ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་གྱུར་ཅིག།། ཅེས་ཇི་ལྟར་གསུང་པ་ལྟར། རབས་འབྱམས་རྒྱལ་བ་ཀུན་གྱི་བརྩེ་ཆེན་ཐུགས་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཐའ་ཡས་ཞིང་ཁམས་རྒྱ་མཚོར་གང་འདུལ་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པའི་སྒོ་ནས་མཐའ་ཡས་པའི་གདུལ་བྱ་མངོན་མཐོ་ངེས་ལེགས་ཀྱི་ས་ལ་འགོད་པར་མཛད་པའི་བཀའ་དྲིན་གྱི་ཕུང་པོ་དཔག་ཏུ་མེད་ཅིང་རྨད་དུ་བྱུང་།
བདག་ཅག་ཁ་བ་གངས་ཅན་པར་མཚོན་ན་ཕ་སྤྲེལ་མཁན་བྱང་ཆུབ་སེམས་དཔའ་ནས་བཟུང་རིམ་དང་ཅིག་ཅར་དུ་བྱོན་པའི་སྤྲུལ་པའི་རོལ་གར་གྱི་རྒྱལ་བློན་པཎ་གྲུབ་དུ་མ་དང་། གསུམ་ལྡན་ངུར་སྨྲིག་གི་གར་རོལ་རྒྱལ་མཆོག་ཕྱག་ན་པདྨོ་སྐུ་ཡི་འཕྲེང་བ་རིམ་པར་བྱོན་ཏེ་མགོན་དེའི་གདུལ་ཞིང་བོད་ཁ་བ་ཅན་གྱི་ཞིང་དང་། གདུལ་བྱ་སྨྲོས་ཅི་ཆེན་པོ་ཧོར་དང་ཙི་ནའི་ཡུལ་བཅས་པའི་གདུལ་བྱ་མ་ལུས་པ་ཆོས་དང་སྲིད་འདོད་པའི་ཕུན་ཚོགས་སོགས་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཡས་པས་སྐྱེ་འགྲོ་འཐའ་ཡས་པ་སྨིན་གྲོལ་མཆོག་གི་ལམ་ཡང་དག་པར་འགོད་གནང་མཛད་པའི་བཀའ་དྲིན་གྱི་ཕུང་པོ་དཔག་ཏུ་མེད་ཅིང་རྨད་དུ་བྱུང་། བདག་ཅག་གི་འདྲེན་མཆོག་བླ་ན་མ་མཆིས་པ་རྒྱལ་མཆོག་ཕྱག་ན་པདྨོ་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཉིད་ངེད་ཅག་ཁ་བ་རིས་པས་རང་དྲིན་རང་ལ་ཆུང་། སྤྱི་དོན་རས་སུ་བོར་བའི་བདག་འབྲས་ལས་རང་རྒྱལ་ཁབ་ཀྱི་མཐའ་ནི་ཕྱིའི་བཙན་འཛུལ་དང་མུག་ཟད་ཀྱི་མུན་པས་ཁེབས། ནང་ཆབ་སྲིད་ལས་ལ་འཐུས་ཤོར་རིམ་པས་རྩབ་རལ་དུ་གྱུར་ཏེ་བོད་བསྟན་སྲིད་ཉམས་ཐག་པའི་དུས་སུ་༸རྒྱལ་མཆོག་ཕྱག་ན་པདྨོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མདོ་སྨད་ས་ཡི་ཐིག་ལེར་སྐུའི་མཚན་དཔེའི་དཀྱིལ་འཁོར་གྱི་གསེར་ཆེན་མེ་ཏོག་རབ་ཏུ་བཞད་དེ་བཅུ་དྲུག་ལང་ཚོའི་འཁྱེའུ་ལྷ་མོ་དོན་གྲུབ་དེས་འཇིག་རྟེན་འདིའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྨང་ནས་གསོ་བའི་དུང་བརྡ་བསྒྲགས་ཤིང་། ངེད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མངའ་ཐང་སླར་གསོ་བའི་ཕུགས་བསམ་གྱི་རེ་བ་དང་། སྤོབས་པའི་ས་བོན། སྦྱོར་བ་ཆིག་སྒྲིལ་གྱི་ས་གཞི་ཆེན་པོ་བཅས་པའི་བདག་ཉིད་དུ་གྱུར་པའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ཅིང་རྨད་དུ་བྱུང་། རྒྱལ་སྲས་གཞོན་ནུ་དེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དང་རིགས་ཀྱི་ཅོད་པན་དུ་མའི་དྲུང་ནས་བཅུ་ཕྲག་རིག་གནས་ནས་དབུ་བརྩམས་མདོ་རྒྱུད་མན་ངག་གིས་བསྡུས་པའི་རྒྱ་གར་མཁས་པའི་གཞུང་ལུགས་དང་། བོད་ཁ་བ་ལྗོངས་ཀྱི་གསར་རྙིང་མཁས་པའི་གཞུང་ལུགས་ཡོད་དོ་ཅོག་བཅས་པའི་ལུང་སྡེ་སྣོད་གསུམ་ལ་གསན་བསམ་དང་། སོ་ཐར་དང་། བྱང་སེམས། གསང་སྔགས་བཅས་པའི་བསླབ་པ་མ་ལུས་པ་ཡོངས་སུ་རྫོགས་པ་དགྱེས་པར་བཞེས་ལ། དོན་དམ་པའི་ཐུགས་དམ་གྱི་རྒྱལ་ས་འཛིན་ཏེ་མཉམ་མེད་ཐུབ་པ་ཆེན་པོའི་རྒྱལ་ཚབ་དུ་བཞེངས་པའི་བཀྲིན་གྱི་ཕུང་པོ་ནི་དཔག་ཏུ་མེད་ཅིང་རྨད་དུ་བྱུང་།
དགུང་གྲངས་བཅུ་དྲུག་ལས་མ་བྱོན་ཡང་བོད་རྒྱལ་ཁབ་ཀྱི་ལུགས་ཟུང་རྩིབས་སྟོང་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ་ཁང་ཆེན་བརྡིབ་ལ་ཉེ་བ་ལྟར་གྱི་བསྟན་སྲིད་རང་དབང་ཉམས་པ་གསོ་བ་དང་གསོ་བ་སླར་སྤེལ་བའི་སླད་ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དང་རྒྱ་ནག་ལ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་ནས་དེང་རབས་མང་གཙོ་དང་། སྤྱི་ཚོགས་དཔལ་ཡོན་གྱི་སྙིང་བཅུད་ཟབ་བཞེས་དང་། རྒྱ་ནག་དམར་པོའི་དུས་འགྱུར་གྱི་ནག་པོའི་རླུང་འཚུབ་ལ་ལྐོག་ཏུ་མ་གྱུར་བར་མི་ཟད་ཁྲག་གི་འཁོར་ལོའི་འཇིགས་སྐྲག་ཡ་ངའི་དུས་འགྱུར་རིམ་པ་རབ་ཏུ་ཞི་བར་མཛད་པའི་མི་འཇིགས་སྲོག་སྦྱིན་གྱི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ཅིང་རྨད་དུ་བྱུང་།
༸རྒྱལ་མཆོག་མཐོང་གྲོལ་ཉིན་བྱེད་དབང་པོ་ཉིད་ལ་སྐུ་ཆུང་ངུའི་དུས་ནས་རང་ཆས་སུ་མངའ་བའི་ཆོས་ཕྱོགས་ནས་རིས་མེད་པའི་བླ་མ་ཞྭ་སེར་པོ་བའི་རྣམ་ཐར་གྱི་ས་བོན་དེ་དོན་དམ་ཕྱག་ལེན་དངོས་ཀྱི་རྣམ་ཐར་རྨད་དུ་བྱུང་ལ། སྲིད་ཕྱོགས་ནས་མང་གཙོ་རང་དབང་གི་བུམ་པ་བཟང་པོ་ཡངས་པོར་ཕྱེ་སྟེ་སྤྱི་ཚོགས་ལེགས་བཅོས་ནས་དབུ་བརྩམ་སྟེ་བོད་ཀྱི་ཆབ་སྲིད་ལམ་ལུགས་དེང་དུས་མང་གཙོའི་ལམ་དུ་སྣེ་ཁྲིད་ཀྱི་ཞབས་གོམ་ཡངས་པོར་སྤོ་གནང་མཛད་དེ་བདག་ཅག་ལམ་ཡང་དག་པར་འགོད་པའི་རྒྱལ་ཐབས་འཕྲིན་ལས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ལ་རྨད་དུ་བྱུང་། བདག་ཅག་གངས་ཅན་པ་རྣམས་རང་བདེ་འབའ་ཞིག་དང་སྤྱི་དོན་རས་སུ་བོར་བའི་ལོ་རྒྱུས་ཀྱི་འཐུས་ཤོར་གོད་ཆགས་ལས་ལོ་རབས་ལྔ་བཅུ་པའི་དུས་འགོ་ནས་རིམ་བཞིན་བོད་གངས་ཅན་ལྗོངས་ཀྱི་ཆབ་སྲིད་དང་གནོད་བཅུད་བཅས་པ་ཕྱིའི་བཙན་གནོན་དབང་སྒྱུར་འོག་འཚུད་ཀྱང་༧སྐྱབས་མགོན་ཐུགས་རྗེ་ཅན་གྱི་དབུས་གངས་ལྗོངས་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ། བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་ཤག་ལྷན་རྒྱས། བོད་འབངས་འབུམ་ཕྲག་ཉེ་བ་བཅས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་༧ཞབས་སོར་བདེ་བར་འཁོད་ཐུབ་པའི་བཀྲིས་པའི་༧ཞབས་རྗེས་ཐོག་མ་དེས་བོད་བསྟན་སྲིད་རང་དབང་དང་སྐྱེ་འགྲོའི་བདེ་སྐྱིད་བཅས་པ་སླར་གསོ་བའི་ནང་གི་དམ་ཚིག་གི་འཕྲེང་ཐག་དང་ཕྱིའི་ལྕགས་རིར་གྱུར་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ལ་རྨད་དུ་བྱུང་།
རྒྱ་གར་འཕགས་པའི་ཡུལ་དུ་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་བསྐྱར་སྒྲིག་མཛད་ནས་རིམ་བཞིན་ཁྲིམས་བཟོ་དང་། ཁྲིམས་འཛིན། འཛིན་སྐྱོང་བཅས་མང་གཙོའི་ཀ་བ་གསུམ་གྱི་ངོ་བོ་ཆ་ཚང་བའི་སྒྲིག་འཛུགས་མ་ལག་སྲ་བརྟན་ཞིག་འཕགས་ཡུལ་བཞུགས་སྒར་རྡ་རམ་ས་ལར་སྙིང་ཁམས་བྱས་པའི་ཡན་ལག་དང་ཉིང་ལག་ད་ཆ་རྒྱལ་སྤྱིའི་ས་ཁུལ་མང་པོར་འཛུགས་སྐྱོང་གནང་བ་འདི་ནི་ངེད་ཁ་བ་གངས་ཅན་པའི་ནང་སེམས་ཀྱི་བདེ་སྡུག་སྙིང་གཏམ་ཤོད་ས་དང་། རང་རྒྱལ་ཁབ་དང་མི་རིགས་རིན་ཐང་སྔར་བས་ཕྱིར་གསལ་བར་མཚོན་པའི་རྒྱལ་སྤྱིའི་མཚོན་རྟགས་སུ་གྱུར་པའི་བདག་ཉིད་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ལ་རྨད་དུ་བྱུང་། ཆབ་སྲིད་ཞི་བའི་དུང་དཀར། རྒྱལ་བསྟན་ཕྱི་གཙང་ནང་གཙང་། རྒྱལ་འབྲེལ་གཉིས་སྨན་དབུ་མ། ཆོས་པ་དུས་རབས་ཉེར་གཅིག ས་རིག་འདབ་གཤོག་གཉིས་ལྡན། འཕྲོད་ལས་ཕྱི་ནང་ཟུང་སྦྲེལ། འཚོ་བ་ལོགས་འཚོས་མ་དགོས། ཤེས་ཚད་རིགས་གཅིག་རྐང་འཛིན། ལམ་ལུགས་དེང་དུས་མང་གཙོ། འབུལ་ཕྱུགས་མཐའ་གཉིས་སུ་མ་ལྷུང་། ཡོན་ཏན་ཕྱི་ཚོས་ནང་ཚོས། མི་ཚེ་བློ་འགྱོད་མེད་པ། རིན་ཐང་ལྷག་བསམ་བཟང་བ་སོགས་ཆོས་དང་སྲིད། འཇིག་རྟེན་པའི་བསླབ་བྱ་ཁག་ནི་གནའ་དེང་དང་མཐུན་ལ་མི་ཚེར་འབྲེལ་ཆེ་བའི་ཉམས་རྟོགས་དངོས་ཀྱི་ལྟ་གྲུབ་དང་རིག་པའི་གཞུང་མུ་མཐའ་མེད་པ་བསྟན་ཏེ་མཛད་པ་དངོས་ཀྱང་རིས་མེད་པའི་གསན་བསམ་དང་། རིས་མེད་པའི་ཐུགས་དམ་ཉམས་བཞེས། རིས་མེད་པའི་ཆོ་འཕྲུལ་དཔོག་པར་དཀའ་བས་བསྟན་པའི་གཞི་མ་དགེ་འདུན་སྡེ་ནི་སྔར་སྦག་སའི་ཆོས་སྒར་ཆུང་ངུ་དང་བསྟན་འཛིན་བུ་སློབ་ཉུང་ངུ་ཞིག་ནས་ད་ཆ་བུམ་པ་གང་འཇོའི་དྲིན་གྱིས་བཅིངས་པའི་རིས་མེད་པའི་དགེ་འདུན་སྡེ་དང་བསྟན་འཛིན་བུ་སློབ་བཅས་པ་གོ་ལ་ཧྲིལ་པོ་དང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་སྟོན་པའི་དཔལ་ནཱ་ལེནྜ་ཆོས་བརྒྱུད་དེ་ད་ཆ་ཆོས་དད་པ་སྨྲོས་ཅི། དེང་རབས་ཚན་རིག་པ་ཐེ་བའི་སྐྱེ་འགྲོ་མུ་མཐའ་མེད་པའི་ཞི་བ་དང་། བདེ་བའི་ཕན་བདེའི་སྤྱན་མིག་ཅིག་ཏུ་གྱུར་བ། བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར་གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་འདི་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་བཞེངས་པ་སྨྲོས་ཅི། འཇིག་རྟེན་འདིའི་ཕྱི་ནང་ཆོས་བརྒྱུད་མ་ཚང་བ་མེད་པའི་མང་བཀུར་སྟོན་པ་ཆེན་པོར་གྱུར་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ལ་རྨད་དུ་བྱུང་།
མདོར་ན་བདག་ཅག་འཇིག་རྟེན་འདིའི་མངོན་སུམ་སྤྱོད་ཡུལ་དུ་གྱུར་པའི་ཐུན་མོང་བའི་མཛད་པ་སྟེ་གང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་ཀུན་ཁྱབ་འགན་ཁུར་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་ལྷག་པའི་བསམ་པ་དང། གང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་འདིའི་ཐོག་གནས་པའི་ཆོས་བརྒྱུད་ཡོད་དོ་ཅོག་ཐུགས་སྣང་ཕུ་ནུ་ལྟར་གྱི་མཛའ་མཐུན་མཉམ་གནས་ཡོང་བའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་ལྷག་པའི་བསམ་པ། གང་ཉིད་བོད་མི་ཞིག་དང་བོད་ཀྱི་༧སྐྱབས་མགོན་ཏྭ་ལའི་བླ་མའི་མཚན་གནས་ལ་བརྟེན་ནས་བོད་གངས་ཅན་གྱི་སྐྱབས་གཅིག་ཉིད་ཀྱི་ཐུགས་བསྐྱེད་རྨད་བྱུང་གི་ལྷག་པའི་བསམ་པ་བཅས་རླབས་ཆེན་མཛད་འཕྲིན་གྱི་འཁོར་ལོ་གསུམ་ཕྱག་མཚན་དུ་བཞེས་ཏེ་འཇིག་རྟེན་གྱི་གླིང་ཆེན་ལྔའི་ནང་༧ཞབས་སོར་མ་འཁོད་པའི་གནས་མེད་ལ། སྲིད་པའི་ཕུན་ཚོགས་ཀྱི་བསྟོད་པའི་དབྱངས་དང་བརྗིད་པའི་རྒྱན་མཆོག་མ་ཕུལ་པའི་གནས་མེད། ཉམས་ཆུང་གི་མི་སྡེའི་སྤྱི་ཚོགས་སྨྲོས་ཅི། འཇིག་རྟེན་ཆེ་རྒུའི་མཛའ་བ་དང་བརྩེ་བའི་སྲི་ཞུའི་མཆོད་ཡོན་དུ་གྱུར་པ་འདི་ལྟ་བུའི་བཀྲིན་ཉག་ཅིག་ལ་བརྟེན་ནས་༧སྐྱབས་མགོན་ཐུགས་རྗེའི་གཏེར་མཆོག་ཉིད་ནི་ངེད་མགོ་ནག་གངས་ཅན་པའི་ནང་བསམ་བློའི་དམ་ཚིག་དང་། ལ་རྒྱ། ཆིག་སྒྲིལ། བློས་གཏོང་བཅས་པ་སྔར་ལོ་རྒྱུས་སུ་ཡང་མངོན་པར་གསལ་དུ་མེད་པའི་བོད་འབངས་དམ་ཚིག་ལ་རྒྱ་ཆིག་སྒྲིལ་གྱི་རྦ་རླབས་ཚད་མེད་པ་ཞིག་སྲིད་པའི་དཔལ་ཡོན་དུ་གྱུར་པ་འདིའི་བླ་སྲོག་གི་སྙིང་རྩ་དང་། སྟོབས་ཤུགས་ཀྱི་སྲོག་ཤིང་། བློ་གྲོས་དཀྱིལ་འཁོར་གྱི་རིགས་བདག་ཏུ་གྱུར་ཡོད་པ་འདི་འདྲ་ནི་སྔོན་བོད་གངས་ཅན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་དམ་པའི་སྐྱེས་མཆོག་གང་ཞིག་གི་ལོ་རྒྱུས་ཡིག་ཚག་ཏུ་རྙེད་དུ་མེད་པའི་མཛད་པ་བསམ་གྱིས་མི་ཁྱབ་པའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་ལ་རྨད་དུ་བྱུང་།
དེས་ན་བདག་ཅག་གི་མངོན་གསུམ་སྤྱོད་ཡུལ་དུ་གྱུར་པའི་གསང་གསུམ་མཛད་པ་དང་འཕྲིན་ལས། དེ་དག་གི་ཐུགས་རྗེ་དང་བཀྲིན་གྱི་ཕུང་པོར་ངེས་ཤེས་བརྟན་པོས་བཀྲིན་དྲན་ཤེས་ཞུ་སྐབས་དངོས་འབྲེལ་བོད་བསྟན་སྲིད་ཀྱི་ཁང་ཆེན་ཞིག་ལ་ཉེ་བའི་ལོ་རྒྱུས་ཀྱི་གོད་ཆགས་གཉན་འཕྲང་དེའི་སྐབས་༧རྒྱལ་མཆོག་ཕྱག་ན་པདྨོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཉིད་མདོ་སྨད་ས་ཡི་ཐིག་ལེར་སྐུའི་མཚན་དཔེའི་དཀྱིལ་འཁོར་རབ་ཏུ་བཞད་པའི་མཁྱེའུ་ལྷ་མོ་དོན་གྲུབ་ནས་དེང་གི་ས་སྟེང་༧རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་དབང་སྒྱུར་བཞིན་པའི་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་ཧྲིལ་པོར་བྱོན་པ་འདིའི་བར་འཇིག་རྟེན་འདིའི་ཐོག་༧ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཁའ་དབྱིངས་ཀྱི་སྐར་ཚོགས་དང་འདྲ་ལ། མ་གསན་པའི་སྐྱེ་འགྲོའི་བདེ་སྡུག་མེད་ལ་མ་གདམས་པའི་བསླབ་བྱ་ཡང་ལྷག་ཏུ་མེད། སྐུ་བརྗིད་ཆགས་ལང་འཚོའི་གྲངས་ཆ་རེ་རེ་དང་། དུང་ལྟར་དཀར་བའི་དཀྱིལ་འཁོར་གྱི་དབུ་སྐྲ་རེ་རེ། མཐོང་གྲོལ་མཛུམ་ཞལ་གྱི་མགུལ་མཉེར་རེ་རེ། ཚྭ་བའི་རྔུལ་ཐིག་དང་བསིལ་བའི་གྲང་ངར་གྱི་ཉག་མ་རེ་རེ། སྐུ་ངལ་བའི་ཞལ་གྱི་ལྗགས་དབུགས་རེ་རེ་བཅས་པའི་སྐུ་ངལ་མཐའ་དག་དགྱེས་པའི་ཁུར་གྱི་ཕུང་པོ་ཆེན་པོར་བཞེས་ཏེ་ངེད་ཅག་ཁ་བ་རིས་པའི་བསྟན་སྲིད་སྐྱེ་འགྲོའི་རང་དབང་དང་། འཇིག་རྟེན་ཡོངས་ཀྱི་ཀུན་ཕན་ཞི་བ་དང་ཕན་བདེའི་དཔལ་འབའ་ཞིག་ཏུ་གྱུར་པ་ལགས་ན་༧སྐྱབས་མགོན་ཐུགས་རྗེའི་གཏེར་ཆེན་མཆོག་འོབ་རྒྱལ་ཆེ་ལགས་ཞུ་ཞིང་། སྐུ་ཉིད་ཀྱི་སྨད་བྱུང་མཛད་
པས་འཇིག་རྟེན་གཡོ་བ་མཇལ་སྐབས་དགའ་བས་ཡིད་བདེ་ཞིང་སྤོབས་པས་རང་ཚུགས་ཤོར་བ་དང་། བཅོས་དཀའ་བའི་གདུལ་བྱའི་བསམ་སྤྱོད་དང་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་བདག་གིར་མཛད་པའི་ངང་ཚུལ་དེ་འདྲ་མཇལ་སྐབས་ངེད་ཅག་གི་སྙིང་ག་གས་པ་ལྟར་གྱི་ན་ཟུག་དང་རང་ལུས་ལ་ཚྭ་ཤུར་ཚད་མེད་རྒྱག་གི་འདུག
དེས་ན་མགོན་པོ་ཁྱེད་ཉིད་ནི་ཆོས་ཕྱོགས་ནས་ངེད་གངས་ཅན་པའི་དོན་དམ་པའི་སྐྱབས་གཅིག་དང་། སྲིད་ཕྱོགས་ནས་ཆབ་སྲིད་ཀྱི་སྐུ་དབང་མཛད་བཞེས་མི་གནང་རྒྱུའི་བཀའ་ལྡོག་ཐབས་མ་བྱུང་ཡང་སྐུ་ཉིད་ནི་གངས་ཅན་ལྷ་མི་ཡོངས་ཀྱི་དོན་དམ་པའི་བླ་ན་མེད་པའི་དབུ་ཁྲིད་གཅིག་ཉིད་ཡིན་པ་འདིའི་ལས་སྨོན་དམ་ཚིག་གི་མདུད་པ་ནི་བོད་ཁ་བ་ཅན་པ་ཇི་སྲིད་གནས་པ་དེ་སྲིད་གནས་རྒྱུ་ཡིན། དེ་ཡང་ཇི་སྐད་དུ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟག་ཀྱང་བློ་ཡི་ཡུལ་མིན་ན།། ཚངས་དང་དབང་པོ་སོགས་ཀྱིས་སྨྲོས་ཅི་འཚལ།། ཞེས་གསུང་པ་ལྟར་མགོན་པོ་གང་གི་གསང་གསུམ་འཕྲིན་ལས་དང་བཀྲིན་གྱི་ཕུང་པོ་གྲངས་ཀྱིས་མི་ལང་ལ་བརྗོད་པའི་སྤོབས་པ་བྲལ་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོ་རིན་ཆེན་སྣ་བདུན་གྱིས་བཀངས་ཏེ་ལན་ཁྲི་སྟོང་དུ་ཕུལ་ཡང་བཀའ་དྲིན་རྒྱ་མཚོ་ཆེན་པོ་ཡི་ཆུ་ཐིག་ཙམ་གྱི་བཀའ་དྲིན་གཞལ་བར་དཀའ་ཡང་། འདི་ལོ་གངས་ལྗོངས་ལྷ་མི་ཡོངས་དང་འཇིག་རྟེན་གྱི་སྲིད་པ་འདིའི་སྐྱེ་འགྲོ་གྲངས་ལས་འདས་པས་བཀྲིན་འཁོར་ཟླ་བྲལ་བའི་ཆ་ཤས་གསབ་སླད་མགོན་པོ་ཐུགས་རྗེའི་གཏེར་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་བྱོན་པའི་སྐུའི་གྱ་སྟོན་ལ་རོལ་བའི་བཀྲིས་པའི་སྐལ་བཟང་གི་དུས་དང་། འདི་ག་ཨོ་གླིང་དུ་ཆིབས་སྒྱུར་ཐེངས་བཅུ་པའི་སྐལ་པ་བཟང་པོའི་གོ་སྐབས་དང་བསྟུན་བདག་ཅག་རྣམས་ནས་ཀྱང་གོང་དུ་གསལ་བའི་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་པ་དེ་དག་ཡིད་ཀྱི་དབང་པོར་བཟུང་སྟེ་དགྱེས་པའི་མཆོད་སྤྲིན་དུ་དམ་བཅའ་ལྡ་ཕུལ་ཡོད་པ་བཅས།།