ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བྷི་རི་སི་བྷེན་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ས་ཁུལ་གྱི་གདོད་མའི་མི་རིགས་ཁུལ་ཨུ་ལུ་རུ་ Uluru ཞེས་པ་དེར་ཆིབས་སྒྱུར་གྱིས་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་ལུ་རུའི་གཞུང་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས་སི་ཌི་ནིར་གྲོང་ཁྱེར་ནས་བཅར་བའི་བོད་མི་ཁག་གཅིག་དང་། ས་གནས་མི་མང་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་ཐོག་མར་བོད་རིགས་ཁག་གཅིག་དང་ལྷན་སྐུ་པར་སྒྲོན་གནང་སྟེ། ཨུ་ལུ་རུར་གནས་གཟིགས་སུ་ཕེབས་གནང་མཛད་ཡོད་པ་དང་། སྐབས་དེར་གསར་འགོད་པས་མགོན་པོ་གང་ཉིད་མཆོག་ཨུ་ལུ་རུར་ཕེབས་གནང་མཛད་དོན་གང་ཡིན་སྐོར་བཀའ་འདྲི་ཞུ་སྐབས་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། དེ་རིང་ངོས་རང་ས་གནས་འདིར་བཅར་དགོས་དོན་ནི་ཁོང་ཚོའི་རིག་གཞུང་ལ་གུས་ཞབས་མཚོན་བྱེད་དང་རང་གིས་བསམ་ཚུལ་འདོན་ཆེད་ཡིན། བྲག་རི་དམར་པོ་ཆེན་པོ་འདིར་ལྟ་བའི་དགོས་དོན་ནི་ང་རང་ཆུང་དུས་སྐབས་ནས་བཟུང་ཡ་མཚན་རིགས་ལ་བལྟ་རྒྱུར་དོ་སྣང་ཆེན་པོ་ཡོད་པའི་རྒྱུ་མཚན་དེ་རང་ཡིན། ཞེས་དང་དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་གདོད་མའི་མི་རིགས་ཚོས་རང་གི་སྐད་ཡིག་བདག་གཅེས་བྱ་དགོས་པ་དང་ལྷན་དུ་དེང་དུས་ཨིན་ཡིག་གང་ལེགས་སྦྱང་བའི་ཐོག་ནས་སོ་སོའི་རིག་གཞུང་སྲུང་སྐྱོབ་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་སྩལ་ཡོད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕེབས་ལམ་གཡས་གཡོན་དུ་བཅར་བའི་བོད་རིགས་དང་ཡུལ་མི་མང་དག་གཅིག་ཡོད་ཁོངས་ནས་བོད་རིགས་སྤོ་སྤོ་བགྲེས་སོང་ཞིག་ལ་དམིགས་སུ་བཀར་ནས་ཐུགས་སྤོབས་ཆེན་པོས་བཀའ་སློབ་ཕེབས་དོན། འདོད་མའི་མི་རིགས་ཚོ་དང་བྱས་ན། ང་རང་ཚོ་བོད་པར་ཡི་གེ་ཟུར་དུ་ཡོད་པ་རེད། དངོས་གནས་དྲང་གནས་ང་ཚོའི་མེས་པོ་ཚོས་མཛད་པའི་སོ་སོར་ཁེ་གཙང་གི་སྐད་ཡིག་ཅིག་ཡོད་པ་དེ། རྒྱ་ཡིག་ཏུ་བསྒྱུར་མ་དགོས་པ། རྒྱ་གར་སྐད་ཡིག་ལའང་བསྟུན་མ་དགོས་པ། སྤྱིར་བསྒྱུར་ས་རྒྱ་གར་ནས་རེད་དེ། སྐད་ཡིག་ཁོ་རང་རང་འགོ་ཐོན་པ་ཞིག་ཆགས་ཡོད། དེ་དངོས་གནས་རླབས་ཆེན་རེད་འདུག ཅེས་བཀའ་སློབ་སྩལ་བ་དང་། ཨུ་ལུ་རུར་གནས་གཟིགས་ལེགས་པར་གྲུབ་མཚམས་ཁུལ་དེའི་མུ་ཊི་ཇུ་ལུ་ལྷན་ཚོགས་ Mutitjulu community ཞེས་པ་དེས་གོ་སྒྲིག་དང་སྣེ་ལེན་ཞུས་པ་དང་སྦྲགས་ཁུལ་དེའི་མི་གྲངས་ ༣༠༠ ཙམ་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་ཚོགས་པ་དེའི་སྣེ་ཤན་པ་སེ་མི་ Semmi ལགས་ཀྱིས་༸གོང་ས་མཆོག་མི་མང་ཚོར་ངོ་སྤྲོད་གནང་བ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། ངོས་རང་ལོ་མང་གོང་འཛམ་གླིང་གི་གླིང་ཕྲན་དུ་མའི་ནང་དུ་ཡོད་པའི་གདོད་མའི་མི་རིགས་དང་ལྷན་མཇལ་འདོད་ཡོད་པ་དང་། དེ་རིང་ངོས་རང་ཨོ་སི་ཊོ་ལི་ཡའི་གནས་རི་གྲགས་ཅན་དེ་དངོས་སུ་མཐོང་བ་དང་། ཁྱེད་རང་ཚོས་ངོས་ལ་གནས་རི་དེའི་སྐོར་སྒྲུང་མང་པོ་བཤད་པ་སོགས་ལ་བརྟེན་ནས་ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་ཡོད་པའི་གདོད་མིའི་མི་རིགས་ཁག་མང་པོ་ཞིག་དང་ལྷན་ཐུག་མྱོང་། མི་རིགས་དེ་ཚོ་ཚང་མས་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་འདུག དེ་དངོས་ཡོད་དང་མཐུན་པ་ཞིག་རེད། ཅེས་སོགས་ཀྱིས་བཀའ་སློབ་སྩལ་བ་དང་། དེ་ནས་བརྙན་འཕྲིན་པར་ལེན་པ་ཀར་ལ་གེ་རན་ཊི་ Karla Grant ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་ལེ་ཚན་ནང་། གང་ཉིད་མཆོག་གིས་གནད་དོན་ཁ་ཤས་ཐོག་བཀའ་ལན་སྩལ་དོན། ཁུལ་དེའི་གདོད་མའི་མི་རིགས་ཚོས་སོ་སོའི་རིག་གཞུང་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཞིན། ང་ཚོ་བོད་པ་ལྟ་བུར་མཚོན་ན་ཕྱི་ལོ་ ༡༩༦༠ ལོ་ནས་བོད་པའི་སློབ་གྲྭ་ཟུར་བཙུགས་ཀྱིས་སོ་སོའི་རིན་ཐང་ཆེ་བའི་རིག་གཞུང་དེ་དག་སྲུང་སྐྱོབ་བྱ་ཕྱིར་སློབ་སྦྱོང་སྤྲད་ཡོད་པ་དང་། ད་དུང་མུ་མཐུད་ནས་རིག་གཞུང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། འཛམ་གླིང་དེའི་ནང་དཀའ་ངལ་དེ་དག་མིས་བཟོས་པ་ཤ་སྟག་ཡིན་པ་ལས། དངུལ་དང་ཤེས་ཡོན་གྱི་ཆ་ནས་མ་འདང་བར་བརྟེན་ནས་དཀའ་ངལ་བྱུང་བ་ཞིག་རྩ་ནས་མིན། ཡིན་ནའང་མིའི་རིན་ཐང་མ་འདང་བར་བརྟེན་ནས་བྱུང་བ་ཞིག་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། དེང་རབས་ཤེས་ཡོན་གྱི་མིའི་བཟང་པོའི་ཡོན་ཏན་འདང་ངེས་ཞིག་བསྐྲུན་ཐུབ་ཀྱི་མེད། ངོས་ཀྱི་ནམ་རྒྱུན་བལྟ་ཕྱོགས་ནི་ཚང་མ་གཅིག་འགྱུར་གྱི་བསམ་བློ་དེའི་ཐོག་ནས་སྤྱི་ཡོངས་ཀྱི་ཆོས་ལུགས་དང་གདོད་མའི་རིག་གཞུང་ལ་གུས་བརྩི་ཞུ་དགོས་ཞེས་སོགས་ཀྱི་བཀའ་ལན་སྩལ་གནང་མཛད་པ་སོགས་ཁུལ་དེའི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་མཇུག་སྒྲིལ། །