ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །སྤོག་ར་གློ་སྒྲིག་གཞིས་ཁག་གི་ྋགོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལས་རིམ་གོ་སྒྲིག་ཚོགས་ཆུང་གིས་འདི་གར་བཏང་གནས་ནང་འཁོད་དོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ལོ་འཁོར་མོར་གློ་སྒྲིག་གཞིས་ཁག་ནས་དམིགས་བསལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལས་རིམ་ནང་གསེས་མགོན་པོ་གང་ཉིད་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་སུ་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་གནད་དོན་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་གྲོས་ཆོད་ཡོད་པ་ལྟར། བཀའ་དྲིན་རྗེས་དྲན་ལས་རིམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་སྤོག་ར་ས་གནས་གཞིས་ཁག་བཞི་ལ་བསྐྱོད་དེ་དབུ་མའི་ལམ་གྱི་སྐོར་མང་ཚོགས་ལ་གོ་རྟོགས་ཡག་པོ་ཡོང་ཐབས་སུ་ངོ་སྤྲོད་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༩་༠༠ ནས་ ༡༡ བར་བྱམས་པ་གླིང་དུ་མི་གྲངས་ ༧༥ སྐོར་ལ་ཉེ་ཆར་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༨ ཉིན་ྋགོང་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་བཞི་པའི་ཐོག་ཚོགས་མི་རྣམས་ལ་སྩལ་བའི་བཀའ་སློབ་སྙིང་དོན་དང༌། གློ་སྒྲིག་ས་འཐུས་ཚོགས་གཙོ་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་གཅིག་ལྕོགས་ཚེ་རིང་སྲི་བརྟན་ལགས་ཀྱིས་ཆུ་ཚོད་ ༡ རིང་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་དྲི་བ་དྲིས་ལན་བཅས་ཆུ་ཚོད་གཉིས་རིང་གསལ་བཤད་གནང་།
ཕྱི་ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༢་༠༠ ནས་ ༤་༣༠ བར་དཔལ་འབྱོར་གླིང་དུ་མི་གྲངས་ ༧༠ ཙམ་དང་། དེ་བཞིན་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༡༥ ནས་ ༡༠་༤༥ བར་བཀྲ་ཤིས་གླིང་དུ་མི་གྲངས་ ༥༠ ཙམ། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༡༥ ནས་ ༡༡ བར་བཀྲ་ཤིས་དཔལ་འཁྱིལ་དུ་འཛིན་གྲྭ་དྲུག་པ་དང་བདུན་པའི་སློབ་ཕྲུག་དང་བཅས་མི་གྲངས་ ༢༠༠ བརྒལ་བར་གོང་གསལ་བཞིན་ངོ་སྤྲོད་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད།།