༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་ཁུལ་གྱི་མཐོ་སློབ་ཁག་ ༣༧ ནས་སློབ་གཉེར་བ་ ༡༥༠ སྐོར་ལ་འགོ་འཕྲིད་ཟབ་སྦྱོང་དང་རྒྱ་བལ་གཉིས་སུ་ཡོད་པའི་ཤེས་རིག་ཁོངས་གཏོགས་སློབ་གྲྭ་ ༧༣ ནས་གཞི་རིམ་འོག་མའི་དགེ་རྒན་ ༢༥༠ སྐོར་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་སྐོར་ཟབ་སྦྱོང་གོ་སྒྲིག་བཅས་གནང་སྐབས་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས་དོལ་རྒྱལ་སྐོར་གསུང་བཤད་གནང་བ་ཕྱོགས་སྒྲིག་ཞུས་པ་གཤམ་གསལ།
དོལ་རྒྱལ་གྱི་བྱུང་རིམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ་རིམ་ཅན་དུ་ཕེབས་ཡོད་པའི་ཐོག་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀྱང་དྭོགས་གཅོད་འགྲེལ་བཤད་གནང་དགོས་རིགས་སྔ་རྗེས་སུ་གནང་ཡོད་པ་དེ་དག་ལ་རྣམ་པ་ཚོས་ཐུགས་སྣང་ཆེན་པོའི་སྒོ་ནས་ལྟ་ཀློག་དང་ཉམས་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་བ་དང་སྦྲགས། དོལ་རྒྱལ་སྐོར་ཐོག་མར་ངོ་སྤྲོད་དང་འབྲེལ་བར་སྐབས་ཀྱི་གནས་ཚུལ་ཡོང་སྟངས་སོགས་གནད་དོན་ཁ་ཤས་ཐོག་རང་གིས་གང་ཤེས་གསལ་བཤད་ཕྲན་བུ་ཞུ་རྒྱུ་ཡིན།
དོལ་རྒྱལ་ཟེར་བ་དེ་མི་ལོ་ ༤༠༠ ཙམ་རིང་རྩོད་གཞི་ཅན་བྱས་ཏེ་གནས་ཡོད། ཇི་ལྟར་མེ་ལ་གནས་པའི་མེ་ལྷ་དང་། ཐབ་ལ་གནས་པའི་ཐབ་ལྷ། རླུང་ལ་གནས་པའི་རླུང་ལྷ་ཞེས་འབོད་སྲོལ་ཡོད་པ་ལྟར་བོད་ཀྱི་ལྷོ་ཁ་དོལ་ཆུ་མིག་དཀར་པོར་གནས་པའི་རྒྱལ་འགོང་དེ་ལ་གནས་ཡུལ་གྱི་ཆ་ནས་དོལ་རྒྱལ་ཞེས་མིང་ཐོགས་པ་རེད། དེང་སང་དོལ་རྒྱལ་ལ་འཇམ་མགོན་༸རྒྱལ་བའི་བསྟན་སྲུང་ཡིན་ཚུལ་གྲགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང། དེ་ནི་སྔོན་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་བའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཟེར་བ་ཕྱི་ལོ་ ༡༦༥༦ ལོར་རང་ལོ་སོ་བརྒྱད་ཐོག་གདོན་ནད་ཀྱིས་ཟིན་ཏེ་འདས་སྐབས་སྨོན་ལམ་ལོག་པས་དྲེགས་པར་སྐྱེས་པ་ཞིག་ཡིན་པ་ནི་༸གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དང་། སྡེ་སྲིད་སངས་རྒྱ་མཚོས་མཛད་པའི་ཆོས་འབྱུང་། གཏེར་བདག་འགྱུར་མེད་གླིང་པའི་རྣམ་ཐར་སོགས་ལས་ར་སྤྲོད་གསལ་པོ་བྱེད་ཐུབ་པ་ཡིན། དུས་དེ་ནས་བཟུང་ཕྱི་ལོ་ ༡༧༢༡ ལོར་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་གྱིས་བདག་པོ་མ་བརྒྱབ་བར་ལོ་ ༦༥ རིང་དགེ་ལུགས་པའི་སྐྱེས་ཆེན་དམ་པ་སུས་ཀྱང་བདག་སྤྲོད་གནང་མཁན་མ་བྱུང་པ་ལོ་རྒྱུས་ཀྱིས་ཁ་གྲག་གི་ཡོད།
༸གོང་ས་ལྔ་པ་ཆེན་པོ་ཞིང་དུ་གཤེགས་ནས་ལོ་ ༢༢ སོང་རྗེས་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་འཁྲུངས་པ་རེད། བདག་ཆེན་དགུང་ལོ་ ༡༧ ལ་ཕེབས་སྐབས་དོལ་རྒྱལ་མགོན་པོ་ཞལ་གྱི་བྲན་དུ་འཇོག་པ་གནང་བ་༸སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ཀས་ཞལ་གྱིས་བཞེད་ཀྱི་ཡོད། དེ་ལྟར་༸རྒྱལ་མཆོག་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བཅོལ་གསར་རྩོམ་མཛད་པ་དང། འདྲ་སྐུ་གསར་བཞེངས་གནང་བ། སྤྲོ་བདེ་ཁང་གསར་བཞེངས་གནང་བ་རེད་ཟེར་བ་དེ་དག་༸གོང་ས་ལྔ་པ་ཆེན་པོའི་གསུང་གང་དུའང་མེད་པ་རྟོག་བཟོ་འབའ་ཞིག་ཡིན། ཅི་སྟེ་དེ་ལྟར་གནང་བ་ཞིག་ཁས་བླངས་ན་༸གོང་ས་ལྔ་པའི་གསུང་རྣམ་ནང་ལན་གཅིག་མིན་པར་ཡང་ནས་ཡང་དུ་དོལ་རྒྱལ་དམ་སྲིར་ངོས་འཛིན་གནང་བ་ཡང་ཁས་བླངས་དགོས།
གནས་ཆུང་ཆོས་རྒྱལ་ཆེན་པོས་དོལ་རྒྱལ་ལ་ཨ་སྲས་འཁྱམས་པོ་ཞེས་གསུངས་པ་དེ་ཡང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཨ་མའི་མིང་ལ་ལག་ཨ་རྒྱལ་ཟེར་བ་དང། སྤྲུལ་སྐུ་གྲགས་རྒྱན་དྲེགས་པར་སྐྱེས་ནས་མི་ལོ་ ༦༥ རིང་སུས་ཀྱང་བདག་པོ་རྒྱག་མཁན་མ་བྱུང་བ་གང་སར་འཁྱམས་ཏེ་བསྡད་པར་བརྟེན་ཨ་སྲས་འཁྱམས་པོ་ཞེས་པའི་མིང་འདི་དོན་ལ་གནས་པ་ཡིན།
༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་དང། བཅུ་གསུམ་པ་ཆེན་པོས་དོལ་རྒྱལ་ལ་དགག་པ་ཤུགས་ཆེན་གནང་བ་ཡོངས་གྲགས་རེད། ༸གོང་ས་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དགེ་ལུགས་གཙང་མ་ཕྱག་བཞེས་གནང་མཁན་ཞིག་རེད། གང་གིས་མེ་སྦྲུལ་ ༡༧༣༧ ལོར་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ལ་བཅའ་ཡིག་སྩལ་བའི་ནང། “ ལྟ་གྲུབ་མི་གཅིག་པའི་མི་དང་འབྱུང་པོ་སོགས་གྲྭ་ཚང་དང་ཁམས་ཚན་སོ་སོའི་ཐོབ་ཁུངས་ཡིན་པ་རྒྱུ་མཚན་དུ་བྱས་ནས་བསྟེན་སྒོར་བྱས་ན་ཕན་མི་ཐོགས་ཤིང་གནོད་པའི་རྒྱུར་འདུག་པས་མི་བསྟེན་ ” ཞེས་གསལ་འདུག་པ་འདིས་གང་གི་ཡོངས་འཛིན་ཁྲི་ཆེེེེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་བསྟེན་གསོལ་དགག་པ་གནང་བ་དེའི་མཇུག་སྐྱོང་གནང་བར་མ་ཟད།
གང་ཉིད་ཀྱིས་ཆོས་སྲུང་སྤྱིའི་འཕྲིན་བསྐུལ་གསེར་ཞུན་མ་ཞེས་པ་མཛད་པའི་ནང་དོལ་རྒྱལ་གྱི་མིང་ཟུར་ཙམ་ཡང་མེད། དེའི་ཐོག་ནས་གོང་གསལ་འབྱུང་པོ་ཞེས་པ་དོལ་རྒྱལ་ལ་གསུངས་པ་ཧ་ཅང་གསལ་པོ་ཡིན། དོལ་རྒྱལ་གྱི་སྲོག་གཏད་ཟེར་བའི་ཁུངས་ ༡༩༣༠ ཡས་མས་ཤིག་ལ་སྟག་ཕུ་རྡོ་རྗེ་འཆང་ལ་བྱུང་བའི་དག་སྣང་ཡིན་ཚུལ་ལ་ཁུངས་གཏུགས་བྱེད་ཀྱི་ཡོད་ཀྱང། སྟག་ཕུའི་དག་སྣང་དང། གསང་ཆོས་བཅུ་གསུམ་ཁོངས་ཀྱི་བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་བཅོལ་ཞེས་པ་སོགས་སྟག་ཕུའི་གསུང་གང་གི་ནང་དུ་ཡང་དོལ་རྒྱལ་ལམ་ཤུགས་ལྡན་ཟེར་བའི་ཚིག་ཟུར་ཙམ་ཞིག་ཀྱང་མཐོང་རྒྱུ་མེད་པ་ནི་ཆུ་འགོ་ལ་ཆུ་མེད་པར་ཡུར་བུའི་ནང་ཆུ་ཡོད་ཚུལ་བརྗོད་པ་འདྲ་ཆགས་པོ་འདུག་གམ། སྟག་ཕུ་རིན་པོ་ཆེ་ནི་དེ་སྐབས་དགེ་ལུགས་པའི་བླ་མ་མཚན་སྙན་ཆེ་ཤོས་གྲས་ཆོས་ལུགས་རིས་མེད་གནང་མཁན་ཞིག་དང། ལྷག་པར་དུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ལ་དད་པ་དག་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པ་ལྟར། ཐེངས་ཤིག་གུ་རུའི་སྒྲུབ་ཕུག་ཅིག་ལ་སྐུ་མཚམས་ལ་བཞུགས་སྐབས་གུ་རུ་ཡབ་ཡུམ་དང་རྗེ་འབངས་ཉེར་ལྔ་ཞལ་གཟིགས་བྱུང་སྟབས་དེ་ནས་མཚན་ལའང་སྟག་ཕུ་པདྨ་བཛྲ་ཞེས་གསོལ་བ་གནང་འདུག
དོལ་རྒྱལ་གྱི་བསྐང་གསོ་རྒྱས་པ། ༸རྗེ་ཕ་བོང་ཁ་པས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ ༡༩༣༣ ལོར་དགོངས་པ་རྫོགས་པའི་རྗེས་གསར་དུ་བརྩམས་པ་དང། དོལ་རྒྱལ་གྱི་བསྟོད་འགྲེལ་ཞེས་པ་ ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེེས་རྡ་རམ་ས་ལར་ ༡༩༦༧ ལོར་མཛད་པ་ཞིག་ཡིན། དོལ་རྒྱལ་ལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་པའི་བརྡ་བྱེད་པ་དེ་ཡང་ ༡༩༣༠ ཡས་མས་ཤིག་ལ་སོག་པོ་བློ་བཟང་རྟ་དབྱངས་ཀྱིས་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་མཛད་པ་མགོན་པོ་ཞལ་གྱི་བསྟོད་པ་ཚིག་བསྒྱུར་བྱས་པ་ཡིན་པ་ནི་དེའི་གོང་དེ་ལྟར་བརྡ་བྱས་པའི་ཡིག་ཆ་དགེ་ལྡན་པའི་བླ་མ་སུས་ཀྱང་མཛད་པར་མི་སྣང་བ་དེས་ཤེས་པར་ནུས།
རི་བོ་དགེ་ལུགས་པའི་བསྟན་པའི་བདག་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ ༣༠༡ སོང་རྗེས་དོལ་རྒྱལ་བྱུང་བ་རེད། རྗེ་ཙོང་ཁ་པ་ཆེན་པོ་ཞལ་བཞུགས་པའི་སྐབས་རི་བོ་དགེ་ལྡན་པའི་སྲུང་མར་རིགས་གསུམ་མགོན་པོ་བསྟན་སྲུང་གི་ཚུལ་དུ་དྲག་པོའི་སྐུར་བཞེངས་པ་མགོན་པོ་ཕྱག་དྲུག་དང་། རྒྱལ་ཆེན་རྣམ་ཐོས་སྲས། དམ་ཅན་ཆོས་རྒྱལ་བཅས་གསུམ་ལ་བཀའ་བསྒོ་གཉེར་གཏད་མཛད། དེ་དག་གིས་མ་འཐུས་པ་ལྟ་བུས་དོལ་རྒྱལ་ལ་འཇམ་མགོན་༸རྒྱལ་བའི་བསྟན་སྲུང་ཞེས་བསྔགས་བསྟོད་བྱེད་པ་ནི། རྗེ་རིན་པོ་ཆེས་བཀའ་བསྒོ་གཉེར་གཏད་མཛད་པའི་སྐྱེས་བུ་གསུམ་གྱི་སྲུང་མར་བརྩི་མེད་བྱས་པ་དང། དོན་གྱིས་རྗེ་རིན་པོ་ཆེའི་བཀའ་དགོངས་ལ་ལྟོས་མེད་གྱེན་ལོག་བྱས་པ་ཞིག་མ་ཡིན་ནམ། རི་བོ་དགེ་ལུགས་པར་བཀའ་དྲིན་ཆེ་བ་སྡེ་སྲིད་བསོད་ནམས་རབ་བརྟན་ནམ། བསོད་ནམས་ཆོས་འཕེལ་བཀྲོངས་མཁན་དོལ་རྒྱལ་ཡིན་ཞེས་དོལ་རྒྱལ་བསྟེན་གསོལ་བས་བྱས་རྗེས་སུ་བགྲངས་ཀྱི་ཡོད། རི་བོ་དགེ་ལུགས་པའི་བསྟན་པར་བཀའ་དྲིན་ཅན་གྱི་བསྟན་པའི་སྦྱིན་བདག་བཀྲོངས་མཁན་ཞིག་ལ་འཇམ་མགོན་༸རྒྱལ་བའི་བསྟན་སྲུང་ཞེས་འབོད་ན། དེ་ནི་དགྲ་གཉེན་གོ་ལྡོག་པའི་མ་རབས་ཐ་ཤལ་གྱི་བྱ་བ་ཞིག་རེད།
ཡང་། བར་སྐབས་ནས་དོལ་རྒྱལ་ཡི་དམ་དུ་མངའ་གསོལ་ཞུས་པ་ཡིན་ཞེས་རང་སྣང་གང་དྲན་བྱེད་ཀྱི་ཡོད། དེ་ནི་འཇིག་རྟེན་གྱི་ཁ་དཔེར། བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་ལྟར་ཡིན། ཡི་དམ་ཞེས་པ་ནི་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རྒྱུད་སྡེའི་ཁུངས་དང་ལྡན་པ་ཞིག་དགོས་པ་ཡིན། བསྟན་པའི་བདག་པོས་གསུངས་པའི་རྒྱུད་སྡེའི་ནང་མེད་པ་ཞིག་ངའི་བླ་མས་གསུང་གི་འདུག་ཅེས་ཡི་དམ་ཡིན་ལུགས་བརྗོད་པ་ནི་ནང་པའི་ཆོས་ཀྱི་རྩ་བའི་འགྲོ་སྟངས་གཏན་ནས་མ་ཤེས་པའི་རྟགས་ཡིན།
དོལ་རྒྱལ་རང་ཉིད་ཀྱིས་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་ལ། “ ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན།” ཞེས་རང་གནོང་ངོས་ལེན་བྱས་ཟིན་པ་ཞིག་ལ་འཇམ་མགོན་༸རྒྱལ་བའི་བསྟན་སྲུང་ཞེས་བརྗོད་ཕོད་པ་ཧམ་བཤད་ཆེན་པོ་མིན་ན་ཅི་ཡིན། དམ་སྲི་ཟེར་བ་ནི་རྩ་བའི་བླ་མ་དང་དེའི་ཆོས་བརྒྱུད་བཅས་པ་དང་དམ་ཚིག་ཉམས་པ་དང་། སྲི་ནི་གནོད་པ་བྱེད་མཁན་གྱི་གདོན་འདྲེ་ལ་ཟེར། གང་ལྟར་དེའི་བྱེད་ལས་ནི་མཐུན་པ་མི་མཐུན་པ་བཟོ་བ་ཡིན་པ་ནི་དོལ་རྒྱལ་དགེ་ལུགས་པའི་ཁྲོད་ནས་བསྟེན་འགོ་བརྩམས་པ་ནས་བཟུང་བོད་ནང་ཆོས་ལུགས་ནང་འགལ་གྱི་ཕྱོགས་རིས་ཅན་གྱི་ཆོས་སྤོང་གི་ལས་བར་མ་ཆད་པ་བྱུང་བ་དེ་དག་ཕལ་མོ་ཆེ་དོལ་རྒྱལ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན།
དེང་སང་དོལ་རྒྱལ་ཚོགས་པས་མ་ལེ་ཤི་ཡ་སོགས་རྒྱ་རིགས་མང་པོ་ཡོད་སའི་ཡུལ་གྲུའི་ནང་ཆོས་ཚོགས་དང་། ཟ་ཁང། ཚོང་ཁང་ཆེན་པོ་འགའ་ཤས་ཀྱི་སྒོ་རྩར་དཔལ་འབྱོར་འདུ་འགོད་ཆེད་དོལ་རྒྱལ་གྱི་འདྲ་གཟུགས་བཞག་སྟེ། དེ་ལ་མིང་གསར་པ་ནོར་ལྷ་ཞེས་བཏགས་ནས་གསོལ་མཆོད་བྱས་ན། རྒྱུ་ནོར་ལོངས་སྤྱོད་འཕེལ་བ་དང་བྱ་བ་ལམ་འགྲོ་ཡོང་ལུགས་ཀྱི་དྲིལ་བསྒྲགས་ཤོག་ལྷེ་འགྲེམས་སྤེལ་བྱེད་ཀྱི་ཡོད། དེ་ནི་དགེ་ལྡན་པའི་བསྟན་དང་དེ་འཛིན་བླ་མ་དགེ་འདུན་དང་བཅས་པར་རྒྱབ་གཏོད་བྱེད་པའི་དཔལ་འབྱོར་གྱི་རྒྱབ་རྟེན་གྲབས་གསོག་བྱས་པ་ཞིག་རེད།
སྤྱིར་ན་དོལ་རྒྱལ་བསྟེན་མི་ཚོས་དོལ་རྒྱལ་བསྟེན་ཚུལ་དེ་གསང་སྔགས་གསར་མའི་ཁྱད་ཆོས་ལྟ་བུར་བརྗོད་བཞིན་ཡོད། འོན་ཀྱང་གསང་སྔགས་ཀྱི་ཉམས་ལེན་ངོ་མ་ནི་སྦས་པའི་ཚུལ་གྱིས་བྱེད་དགོས་པ་ཞིག་ཡིན་ཡང་། དེ་ལས་ལྡོག་སྟེ་དངུལ་གྱི་ཆེད་རང་གིས་གང་འཇམ་དཔལ་དབྱངས་སུ་ཁས་བླངས་པའི་ལྷ་དེ་ཚོང་ཁང་ཆེན་པོའི་མདུན་སར་སློང་དུ་བཅུག་པ་དང་། དེའི་སྔགས་ཀྱང་བྱུང་ཚད་ལ་བསྒྲགས་བཞིན་པ་ནི་རང་མཚང་བརྗེན་པར་བཏོན་པ་ཡིན་པ་ཤེས་ལྡན་སུས་བལྟས་ཀྱང་ཤེས་པར་ནུས། སྐབས་འགར་ལྷ་དེ་བཀའ་གཉན་པས་ཤིན་ཏུ་སྦས་པའི་ཚུལ་གྱིས་བསྟེན་དགོས་པར་བཤད། གཞན་དུ་དེ་ཆོས་ཡོད་མེད་དང་ནང་པ་ཡིན་མིན་ཀུན་ལ་ཁྲོམ་རྭའི་ནང་གི་ཟོག་ལྟར་བསྒྲིལ་ཞིང་བསྒྲགས་པ་ནི་ཐབས་ཟད་འཆི་ལ་ཉེ་བའི་གསོན་ཐབས་སམ། ཡང་ན་ཚེ་འདི་སྣང་གི་ཆེད་ཆོས་པར་རློམས་ཏེ་རང་གཞན་ཕུང་ལ་སྦྱོར་བའི་ངང་ཚུལ་འདི་ལས་ཐབས་སྐྱོ་བ་གང་ན་སྲིད།
སྤྱིར་ཆོས་ལ་དད་པ་དག་སྣང་དང་སློབ་གཉེར་བྱས་པར་བསྔགས་བརྗོད་ཡོད། འོན་ཀྱང་ཆོས་བཤད་མཁན་རང་ཉིད་ཀྱི་ངོས་ནས་བླ་མའམ། དགེ་བའི་བཤེས་གཉེན་བསྟེན་ཕྱོགས་མ་ནོར་བ་དགོས་རྒྱུ་གནད་འགག་ཧ་ཅང་ཆེན་པོ་རེད། ཆོས་ཉན་མཁན་གྱི་ངོས་ནས་ཀྱང་བརྟག་དཔྱད་ཞིབ་འཇུག་ཡག་པོ་མ་བྱས་པར་ཐོག་མར་ཨ་གསར་ལྟ་བུས་བླ་མ་གང་བྱུང་བསྟེན་ན་ནོར་འཁྲུལ་རེད། མི་དགེ་བའི་བཤེས་གཉེན་བསྟེན་ན། ཇི་ལྟར་སོར་མོའི་ཕྲེང་བས་ ( Angulimala ) བཤེས་གཉེན་བསྟེན་ཕྱོགས་ནོར་ཏེ་ལམ་ལོག་པར་འཁྲིད་པ་ཇི་བཞིན་ངན་སོང་གི་རྒྱུ་སྒྲུབ་པ་ལས་གཞན་མེད། བླུན་པོ་དད་པའི་རྗེས་འབྲང་ཟེར་བ་ལྟར་བྱས་ཏེ་བླ་མའི་མཛད་པ་ལོ་རྒྱུས་སོགས་རྩད་གཅོད་ཡག་པོ་མ་བྱས་པར་རྨོངས་དད་བྱས་ན། རྗེས་སུ་བློ་འགྱོད་སྐྱེས་ཀྱང་ཕྱིས་དྲག་པ་རེད། ཚོང་ལ་ཆ་མཚོན་ན་ཧ་ལོག་རྒྱུའི་ཉེན་ཁ་ཡོད།།
ཨ་རིའི་དོལ་རྒྱལ་ཚོགས་པའི་སློབ་སྟོན་པ་ཡིན་ཟེར་མཁན་དགེ་བཤེས་བློ་བཟང་བཟོད་པ་ཟེར་བས་དམངས་ཁྲོད་ཁ་བརྡ་ཟེར་བའི་ནང་གཏམ་བཤད་བྱས་དོན་ཞིག་ལ། དེ་སྔ་ལྷ་སྲུང་བསྟེན་ཕྱོགས་སྐོར་རྙོག་དྲ་ཡོད་སྐབས་ང་ལྷ་སྲུང་བསྟེན་ཕྱོགས་ལ་ཚོར་བ་དང་དོ་སྣང་མེད། རྗེས་སུ་༸སྐྱབས་རྗེ་རིན་པོ་ཆེའི་གསུང་འབུམ་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་ཞིག་བཙུགས་བཞག་ཟེར་བར་བརྟེན། ཡག་རྟགས་རེད་མི་འདུག་བསམ་ནས་ཆོས་སྐྱོང་ཚོགས་པར་འབྲེལ་བ་བྱས་ཏེ་ལས་འགུལ་བརྩམས་པ་ཡིན། དེ་ནས་༸སྐྱབས་རྗེ་རྡོ་རྗེ་འཆང་ལ་ཁ་བཏང་འགོ་ཚུགས་པར་བརྟེན་ང་དགའ་མ་སོང། གང་ཡིན་ཟེར་ན། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གང་འདྲ་ཡོད་མེད་མི་སུ་གཅིག་གིས་འགྲེལ་བཤད་རྒྱག་དགོས་ཀྱི་མ་རེད། དེ་ནི་ང་རང་གིས་མིག་མཐོང་ལག་ཟིན་བྱུང་ཡོད། ཟམ་གདོང་བླ་མ་དང་ཏཱ་ལའི་བླ་མ་ཕར་བཞག། སངས་རྒྱས་བཅོམ་ལྡན་འདས་ཕེབས་ནས་འགྲེལ་བཤད་བརྒྱབ་པ་ཡིན་ནའང་ངས་ཁས་ལེན་བྱེད་ཐུབ་ཀྱི་མ་རེད། ཅེས་ཧམ་པ་ཆེ་མདོག་བྱས་ཏེ་ཁོ་རང་གི་སྤུ་མདོག་བསྟན་འདུག ཁོ་རང་གི་བསམ་པར་ངས་སྐད་ཆ་གང་མིན་ཚད་ཅིག་བཤད་ཡོད་བསམ་དྲན་གྱི་ཡོད་ཀྱང། དོན་ངོ་མར་རང་གི་རྨོངས་ནད་ཕྱི་ལ་བསྟན་པ་ཁོ་ནར་ཟད།
དེ་ཡང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་གསུང་འབུམ་ལ་ཞིབ་འཇུག་བྱེད་མཁན་བཙུགས་པ་རེད་ཟེར་ཐད། སྔར་ནས་ད་བར་༸སྐྱབས་རྗེ་རིན་པོ་ཆེའི་གསུང་འབུམ་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་གང་ཐད་ནས་ཞིབ་འཇུག་ཚོགས་པ་བཙུགས་པའི་གནས་ཚུལ་གོ་མྱོང་མེད་པ་ཐག་བཅད་དེ་བཤད་ཆོག་པ་ཡིན། ནང་པ་སངས་རྒྱས་པའི་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དང་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་བཅས་པར་ཁོང་ཚོའི་གྲས་ཀྱིས་སྐུར་བ་བཏབ་པ་ཇི་བཞིན། ༸སྐྱབས་རྗེ་རིན་པོ་ཆེར་ཡང་གང་ཟག་བྱེ་བྲག་པ་བསམ་མེད་རེ་གཉིས་ཀྱིས་སྐུར་བ་བཏབ་ཡོད་ན་ལས། ཡོངས་གྲགས་བྱས་ཏེ་སྐུར་བ་བཏབ་མཁན་མཐོང་ཐོས་གཏན་ནས་མ་བྱུང། ཆོས་ཁས་མི་ལེན་མཁན་དེང་དུས་ཀྱི་ཚན་རིག་པ་དང་། མཁས་པ་ཀུན་གྱིས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བླང་དོར་ལ་འཇུག་པ་ལས་ཟེར་ལོ་དང་ཐོས་ལོ་ཙམ་ལ་ཡིད་བརྟན་མི་འཛིན། ཁོ་རང་ཆོས་པ་དང་རིག་པ་སྨྲ་བར་ཁས་འཆེ་ཞིང་དགེ་བཤེས་ཀྱི་མིང་འཁྱེར་མཁན་ཞིག་གིས་བརྟག་ཅིང་དཔྱད་དེ་དངོས་བྱུང་བདེན་དཔང་གི་ར་སྤྲོད་འདི་ཡིན་ཞེས་བསྟན་རྒྱུ་མེད་པར་རང་དང་ཉེ་བའི་མི་སྣ་འགའ་ཞིག་ནས་བྱུང་བའི་གོ་ལོ་ཐོས་ལོའི་སྲང་ལམ་གྱི་སྐད་ཆར་ཡིད་ཆེས་བདག་སྤྲོད་བྱས་ཏེ་གཏན་འདུན་རླུང་ལ་བསྐྱུར་བའི་སྨྱོ་མཆོངས་རྒྱག་སྟངས་དེ་མཚན་ཉིད་པའི་གནང་སྟངས་ཡིན་ནམ། དོལ་རྒྱལ་ཚོགས་པའི་སློབ་སྟོན་པའི་ངང་ཚུལ་ལ་བསམ་ན་དོལ་རྒྱལ་བསྟེན་མི་རྣམས་ཀྱི་ཆོས་ཀྱི་གནས་ཚད་བླ་མའི་སྐུ་ཡོན་གྱིས་སློབ་མའི་རྒྱུད་ཚོད་ལེན་མི་ཐུབ་པ་ཅི་ཡང་མི་འདུག་སྙམ།
རང་ཉིད་ནང་པ་དང་དེའི་ནང་ནས་དགེ་བཤེས་ཡིན་ཟེར་མཁན་ཞིག་གིས། སངས་རྒྱས་བཅོམ་ལྡན་འདས་ཕེབས་ཏེ་འགྲེལ་བཤད་བརྒྱབ་པ་ཡིན་ནའང་ངས་ཁས་ལེན་ཐུབ་ཀྱི་མ་རེད། ཅེས་བཤད་པ་འདི་ཚད་ལས་བརྒལ་བའི་སྐད་ཆ་རྫབ་ཆེན་ཞིག་རེད། ནང་པ་ཡིན་ཟེར་མཁན་ཞིག་གིས་ནང་པའི་སྟོན་པས་འགྲེལ་བཤད་གནང་ནའང་ཁས་ལེན་ཐུབ་ཀྱི་མ་རེད་ཟེར་བ་དེ་ཡག་རྟགས་མ་རེད། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རང་གི་རྩ་བའི་བླ་མ་ཡིན་པའི་ཆ་ནས་བཀྲིན་ཆེན་པོ་ཡིན་ཞེས་བཤད་ན་འགྲིགས་པ་རེད། ཡིན་དང་ཡིན། འོན་ཀྱང་དེ་ལ་བརྟེན་ནས་དོལ་རྒྱལ་ཡང་དག་ཏུ་སྒྲུབ་མི་ཐུབ། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ནང་པ་སངས་རྒྱས་པའི་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་དང་འཆད་རྩོད་ཉམས་ལེན་ཚུལ་བཞིན་གནང་བར་བརྟེན་གུས་བཀུར་རྩ་ཆེ་བརྩི་ཡུལ་ཞིག་ཏུ་གྱུར་པ་དེ་སྟོན་པ་བཅོམ་ལྡན་འདས་ཀྱི་བཀྲིན་ལས་བྱུང་བ་ཡིན་པ་ཤེས་དགོས།
ཁོ་རང་གིས་དགེ་ལུགས་པའི་དགེ་བཤེས་ཡིན་མདོག་བྱེད་ཀྱི་ཡོད། རི་བོ་དགེ་ལུགས་པའི་བསྟན་པའི་བདག་པོ་རྗེ་ཙོང་ཁ་པ་ཆེན་པོས་སངས་རྒྱས་ཀྱི་གསུང་རབ་མ་ལུས་པ་གསན་བསམ་མཐར་ཕྱིན་གྱིས་ཉམས་ལེན་དང། སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་བཀྲལ་གནང་མཛད་པར་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ལ་ཟབ་མོ་རྟེན་འབྲེལ་གྱི་བསྟོད་པ་མཛད་པ་སོགས་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་པ་དེ་ཡང་སངས་རྒྱས་ཀྱི་བཀའ་དྲིན་རེད།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་མཚོན་ན་ཀླུ་ཡུལ་ནས་འཛམ་བུ་གླིང་གི་ཆོས་སྐལ་ཤེར་ཕྱིན་གྱི་འབུམ་སྤྱན་དྲངས། སངས་རྒྱས་ཀྱི་དགོངས་པ་གཞི་བཟུང་དབུ་མ་རྩ་བ་ཤེས་རབ་སོགས་དབུ་མ་རིགས་ཚོགས་དྲུག་དང་བསྟན་བཅོས་གཞན་མང་པོ་གསར་དུ་བརྩམས་པ་ལ་བརྟེན་ནས་མཚན་སྙན་གྱི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཏེ་འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་པ་དེ་ཡང་རྩ་བ་ཐུག་ས་སངས་རྒྱས་ཀྱི་བཀྲིན་ཡིན་པ་དྲན་གསོ་ཞུ་འདོད་བྱུང།
དེ་ལྟར་སངས་རྒྱས་ནི། ཤིང་སྡོང་ལ་ཆ་བཞག་ན་རྩ་བ་སྡོང་པོ་ལྟ་བུ་ཡིན་པ་འདི་ཁས་ལེན་གྱི་མིན་ཞེས་ཡལ་ག་དང་ལོ་མ་ལ་འཐམས་ནས་བསྡད་ན་བླུན་པོ་ཡིན་པའི་རྟགས་རེད། ལར་ནས་རིག་པ་སྨྲ་བའི་ཆོས་པ་ཞིག་ཡིན་ན་རྒྱུ་མཚན་གཙོ་བོ་ཡིན་གྱི་ལུང་གཙོ་བོ་མིན་རུང་། བློ་བཟང་བཟོད་པ་ནི་སངས་རྒྱས་ཀྱི་བཀའ་ཁས་ལེན་མི་ཐུབ་ལ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་གསུངས་ཚད་སྒྲ་ཇི་བཞིན་དུ་ཁས་ལེན་མཁན་དུ་རང་གིས་དངོས་སུ་ཁས་བླངས་པས། དེས་ན་ཁོ་པ་ཕྱོགས་རིས་ཅན་དང་ནང་པ་ཚད་ལྡན་མིན་པ་ཡང་དོན་གྱིས་ཁས་བླངས་པ་རེད། ཇི་ལྟར་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་ཟེར་བ་ལྟར་ཁོ་རང་གི་བྱ་སྤྱོད་ཀྱིས་༸སྐྱབས་རྗེ་དམ་པར་ཡང་མཚན་ཤས་བཟོ་ཉེན་འདུག བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ཞེས་མ་གོ་བ་ག་ལ་སྲིད།
ཡང་ཁོ་པས། ང་རང་ལ་ཆ་བཞག་ནས་དེ་སྔ་ཏཱ་ལའི་བླ་མ་ལ་ཡིད་ཆེས་དང་དད་པ་ཡོད། ཅེས་བརྗོད་པ་དེ་ནས་ད་ཆ་ཡིད་ཆེས་དང་དད་པ་མེད་པ་གསལ་པོ་བསྟན་གྱི་འདུག ཡིད་ཆེས་དང་དད་པ་ཞེས་པ་མི་འདོད་བཞིན་དུ་བཙན་འགེལ་བྱས་པ་ཞིག་མ་རེད། དད་པ་ཞེས་པ་ནི་གནས་ལུགས་ཇི་བཞིན་གསལ་པོར་རྟོགས་ནས་མི་བསླུ་བའི་གནས་ལ་དང་བས་ཡིད་ཆེས་པ་ལ་གོ་དགོས། དགེ་བཤེས་ལགས་ཀྱི་དད་པ་ནི་རང་གི་འདོད་པ་དང་མ་མཐུན་ན་གནམ་གཤིས་ཀྱི་འགྱུར་ལྡོག་ལྟར་དང་། རང་གི་དགོས་མཁོ་ལ་གཞིགས་པའི་དད་པ་བྱེད་སྟངས་ནི་སྐབས་འཚོལ་བའི་བྱེད་སྟངས་ཤིག་རེད། དགེ་བཤེས་ཀྱི་མིང་ངོམས་འཕྱར་གྱིས་མ་ཤེས་ཤེས་མདོག་གི་སློབ་སྟོན་ལོག་པ་བྱས་པས་རང་གཞན་ལ་ཕན་པ་གང་འདུག
རྗེ་ཙོང་ཁ་པ་ཆེན་པོས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། ཞེས་གསུངས་པ་ལྟར་རིས་མེད་ཀྱི་སྐྱེས་ཆེན་ ༡༥༠ ཐམ་པའི་ཞབས་ལ་གཏུགས་ཏེ་དབང་ལུང་མན་ངག་དུ་མ་གསན་པ་སོགས་མིག་དཔེ་བླ་ན་མེད་པར་གྱུར་ནས་ཡོད་མོད། འོན་ཀྱང་ཁོང་གི་རྗེས་འཇུག་ཏུ་རློམ་པ་དབྱིན་ཡུལ་དུ་ཡོད་པ་སྐལ་བཟང་རྒྱ་མཚོ་དགེ་བཤེས་མིན་ཡང་དགེ་བཤེས་ཡིན་ཁུལ་བྱས་ཏེ་ངའི་རྩ་ནས་ཆོས་ཞུས་ཕྱིན་༸རྒྱལ་བ་རིན་པོ་ཆེའི་དྲུང་ནས་ཆོས་ཞུ་བ་དང། བླ་མ་གཞན་གྱིས་མཛད་པའི་དཔེ་ཆ་ཀློག་ན་མི་འགྲིགས་ཞེས་ལམ་ལོག་པར་འཁྲིད་མཁན་མི་དགེ་བའི་བཤེས་གཉེན་དེ་ཚོའི་གྲས་ཀྱི་བྱེད་སྟངས་ལ་ནང་པ་སྤྱི་ནས་དོ་སྣང་བྱེད་དགོས་ངེས་རེད། ང་ལྟ་བུས་དགེ་བཤེས་ཀྱི་མིང་ཡོད་མཁན་ཞིག་ལ་དེ་འདྲ་ཤོད་རྒྱུ་འཚེར་པོ་འདུག་རུང་གསུང་བྱོན་མཁན་གཞན་མེད་སྟབས་སྤྱི་དོན་ལ་བསམ་ནས་བཤད་དགོས་བྱུང་།
ཡང་། དགེ་བཤེས་བློ་བཟང་བཟོད་པས་དོལ་རྒྱལ་བསྟེན་མཁན་ཚོ་ཏཱ་ལའི་བླ་མའི་གསུང་ཆོས་ཞུ་བར་ཡོང་མི་ཆོག དམ་ཚིག་གཙང་མ་མི་འདུག་ཟེར་བ་དང། ༢༠༠༨ ལོར་གྲྭ་ཚང་གཉིས་ཁག་ཁག་བཟོས་སོང་ཟེར་ཐད། དོལ་རྒྱལ་བསྟེན་མཁན་དང་མ་བསྟེན་མཁན་གཉིས་ཀ་དགོན་པ་གྲྭ་ཚང་གཅིག་ནང་མཉམ་སྡོད་བྱས་པ་དང། དོལ་རྒྱལ་བསྟེན་བཞིན་དུ་༸གོང་ས་ཆེན་པོའི་དྲུང་ནས་ཆོས་ཞུ་རྒྱུ་བཅས། བླ་མའི་བཀའ་ལ་ལྟོས་མེད་བྱས་ན་དེ་ལ་ཆོས་ཕྱོགས་ནས་དགག་བྱ་གནང་ཡོད། སྐབས་དེར་དམ་ཆོས་འདུལ་བའི་དགོངས་དོན་ལྟར་གདན་ས་སོ་སོའི་ནང་དགེ་འདུན་གྱིས་ཚུལ་ཤིང་བཞེས་ཏེ་བསྟེན་མཁན་དང་མ་བསྟེན་མཁན་གཉིས་འབྲེལ་མེད་ཐ་དད་གནང་རྒྱུར་མོས་མཐུན་བྱུང་བ་ནི་ཆོས་དང་འཇིག་རྟེན་དམངས་གཙོའི་འགྲོ་ལུགས་བཅས་དང་ཡོངས་སུ་མཐུན་པ་ཡིན། དཔེར་ན། སྤྱི་ཚོགས་ལ་ཆ་བཞག་ན། ཕོ་མོ་ཕན་ཚུན་མཛའ་མཐུན་གྱིས་ཆང་ས་བརྒྱབ་པའམ། ཡང་ན་ཕ་མས་འགྲོ་སྟངས་བཟོས་ཏེ་ཆང་ས་བརྒྱབ་པ་ཡིན་རུང། ནམ་ཞིག་ཕན་ཚུན་ལྟ་བ་དང་བསམ་བློ་མ་མཐུན་པའི་སྐབས་སུ་ཁག་ཁག་བྱེད་པ་ནི་ཡོངས་སུ་མཐུན་པ་ཡིན། གལ་སྲིད་ད་དུང་མི་མཐུན་རྟ་གཡག་མགོ་སྦྲེལ་དུ་ཨུ་ཚུགས་བྱས་ཏེ་བསྡད་ན། ཐོག་མར་ཁ་རྩོད་དང། དེ་ནས་ལག་པ་འགྱོག་རེས་བྱས་ཏེ་ཁྲིམས་གཏུགས་བྱ་དགོས་པའི་གནས་ཚུལ་ཐབས་སྡུག་ཡོང་གི་རེད། དེ་བས་སྐབས་ཤིག་ཁག་ཁག་བྱས་ཀྱང་རང་རང་གི་སྐྱོན་དང་ནོར་འཁྲུལ་ངོས་འཛིན་གྱིས་སྔར་འགྱོད་ཕྱི་སྡོམས་བྱས་ཏེ་སླར་ཡང་མཉམ་སྡོད་བྱས་པ་ཡོང་བ་ཇི་བཞིན། དོལ་རྒྱལ་བསྟེན་མཁན་ཚོས་ཀྱང་རང་སྐྱོན་ངོས་འཛིན་གྱིས་སྤངས་བླང་ཚུལ་བཞིན་བྱས་ན་ནམ་མཁའ་གཡའ་དག་ས་གཞི་རྡུལ་དག་ཡོང་རྒྱུ་རེད། ༸གོང་ས་ཆེན་པོས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་རྗེས་དེ་སྔ་བསྟེན་གསོལ་བྱེད་མཁན་ཕལ་མོ་ཆེས་ནོར་འཁྲུལ་ལ་ནོར་འཁྲུལ་ཡིན་པར་ངོས་འཛིན་གྱིས་བླང་དོར་ཚུལ་བཞིན་བྱས་ཡོད་པ་དང་མཐུན་པར་བྱེད་འདོད་ན་ད་དུང་ཡང་གོ་སྐབས་ཡོད་པ་ཡིན།
དམངས་ཁྲོད་ཁ་བརྡའི་ནང་གཏམ་བཤད་བྱེད་མཁན་ཕན་ཚུན་མཁས་དབང་དང་མཁས་དབང་ཞེས་ངོ་སྤྲོད་བྱེད་རེས་བྱེད་ཀྱི་འདུག ཁོང་ཚོས་མཁས་དབང་ཞེས་པའི་གོ་དོན་ངོ་མ་ཧ་གོ་གི་ཨེ་ཡོད་བསམ་པ་དྲན་བྱུང། མཁས་དབང་ཞེས་པ་བསྡུས་ཚིག་དེ་མཁས་པའི་དབང་པོར་ཟེར་གྱི་ཡོད་རེད། སྤྱིར་བཏང་སུམ་རྟགས་སྙན་ངག་ལ་མཁས་པ་དང། རྒྱལ་རབས་ལོ་རྒྱུས་ལ་མཁས་པ། བཟོ་ཚོང་ལག་རྩལ་ལ་མཁས་པ། ཁྲིམས་དང་སྲིད་དོན་ལ་མཁས་པ་སོགས་ལས་རིགས་དང་རིག་གནས་བྱེ་བྲག་པ་གང་ཞིག་ཐོག་མཁས་པ་ཡོང་གི་ཡོད། མཁས་པ་བརྒྱ་ཕྲག་དུ་མའི་དབུས་ན་དབང་པོའི་ནང་གི་མིག་ལྟ་བུར་ངོས་འཛིན་བྱ་རྒྱུ་དེ་ལས་སླ་པོ་ཞིག་མ་རེད། མཁས་དབང་ཞེས་པ་བཅུ་ཕྲག་གི་རིག་པའི་གནས་ལ་མཁས་པ་དང། མདོ་སྔགས་ཀྱི་གཞུང་འཆད་རྩོད་རྩོམ་གསུལ་ལ་མཁས་པ་ལྟ་བུའི་མཚན་བསྟོད། དཔེར་ན། དེ་སྔ་རྒྱ་གར་ལ་མཚོན་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་གཙོ་གྱུར་པཎ་གྲུབ་བཅུ་བདུན་དང། བོད་གངས་ཅན་ལྗོངས་ལ་ཆ་བཞག་ན་༸རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དང། མཉམ་མེད་དྭགས་པོ་ལྷ་རྗེ། དཔལ་ས་སྐྱ་པཎྜི་ཏ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལྟ་བུ་སོགས་ལ་ཞུ་ཞིང། མཁས་དབང་དེ་དག་གིས་མཛད་པའི་རྨད་བྱུང་གི་ལེགས་བཤད་རིས་མེད་ཆོས་སྒར་ཁག་ནང་སློབ་གཉེར་ལོ་ཉི་ཤུ་རྩ་གྲངས་བྱས་ཏེ་དགེ་བཤེས་ཀྱི་དམ་བཅའ་བཞག་རྗེས་དགེ་བཤེས་ཀྱི་མིང་ཐོགས་པ་དང། དེ་མིན་མཐོ་སློབ་ཁག་ནས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་པར་ཌོག་ཊར་རམ། འབུམ་རམ་པ་ཞེས་བརྗོད་ན་འོས་ཤིང་མཚམས་པ་ཡོད། དེ་མིན་རང་ལྟ་མཆོག་འཛིན་གྱི་ཁ་བདེ་པོ་ཁ་ཤས་ལ་སྤྲེལ་ལད་ཀྱིས་མཁས་དབང་ཞེས་བརྗོད་རྒྱུ་མང་དྲགས་ན། བརྗོད་ཡུལ་གྱིས་ཀྱང་རང་གིས་རང་བཀྱག་སྟེ་མཁས་དབང་ཡིན་མདོག་བྱས་པ་དེས། ཕྱི་མི་རྣམས་ཀྱིས་བོད་པས་མཁས་དབང་ཟེར་བ་ལ་ཆ་བཞག་རྒྱུ་གང་ཡང་མེད། གཏམ་བཤད་རྫིག་པོ་བཤད་པ་དང། རྩོམ་བྲིས་འདྲ་མིན་བྱས་པ། མཐོ་སློབ་ཀྱི་ལག་ཁྱེར་ཡོད་པ་བཅས་མཁས་དབང་གྲས་སུ་ཚུད་ཀྱི་རེད། བོད་པའི་མཁས་དབང་ཟེར་བར་བྱབ་གང་ཡང་ཡོད་མ་རེད་ཅེས་འཕྱ་སྨོད་བྱ་བའི་ཡུལ་ཞིག་ཏུ་གྱུར་ན། མཁས་དབང་ཉུང་ཤས་ཡོད་པ་དེ་དག་གི་ཞབས་ནས་ཐག་པས་འཐེན་པའི་ཉེན་ཁ་ཡོད། དོན་དུ་དམངས་ཁྲོད་ཁ་བརྡ་ཟེར་བའི་གཏམ་བཤད་པ་ནི། ལོ་རྒྱུས་ཀྱི་རྒྱབ་རྟེན་དང་བདེན་པའི་ཁུངས་སྣེ་གཅིག་མེད་པར་བླུན་པོ་རང་མཐོང་ཅན་གྱི་བབ་ཅོལ་ཧམ་བཤད་ཀྱི་སྨྲ་ངན་ཤ་སྟག་ཡིན་པ་ཀུན་གྱིས་མཁྱེན་གསལ་ཡིན།།
ཡང་། ཚེམས་སྤྲུལ་སྐུ་ཟེར་བ་ཕྱི་རྒྱལ་བ་ཞིག་གིས་ཉེ་ཆར་ཆོས་བཤད་ལས་འཕྲོས་ཏེ་རྩོམ་ཡིག་ཅིག་དྲྭ་རྒྱའི་ཐོག་སྤེལ་འདུག དེ་དག་སྤྱིར་བཏང་ནང་ཆོས་ཐོག་སློབ་སྦྱོང་དེ་ཙམ་མེད་ཅིང་། ཆོས་ཀྱི་འགྲོ་སྟངས་ཀྱི་གཞི་རྩའི་ཤེས་ཡོན་ཡག་པོ་མེད་པ། འཛིན་གྲྭར་ཆ་བཞག་ན་སྔོན་འགྲོའི་སློབ་ཕྲུག་ལྟ་བུའི་རྣ་བར་འགྲོ་པོ་ཡིན་མདོག་ཁ་པོ་འདུག ཁོ་རང་གི་རྩོམ་ཡིག་གི་ནང་དོན་སྙིང་པོ་བསྡུས་ན། དོལ་རྒྱལ་ལྷ་ཚད་ལྡན་ཡིན་པ་དང། དོལ་རྒྱལ་བསྟེན་གསོལ་བར་རྒྱབ་སྐྱོར། དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་བར་དགག་བྱ་བཅས་བྱས་འདུག བྲིས་སྟངས་ཐད་བོད་པའི་གཏམ་དཔེར་མིག་ལ་བུ་རམ་བསྟན་ནས་ཁ་ལ་ལ་ཆ་སྟེར་བ་ཞེས་པ་ལྟར་རེད་འདུག རང་ཉིད་དགེ་ལུགས་པའི་སྤྲུལ་སྐུ་ཞིག་ཡིན་མདོག་གིས་གཞན་ལ་ཆོས་བཤད་བྱེད་པར་ཐོག་མར་རང་ཉིད་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱས་ཏེ་རང་རྒྱུད་དུལ་བ་ཞིག་དགོས་པ་ཡིན། ཁོ་རང་ལ་དགེ་ལུགས་རྒྱུགས་སྤྲོད་ཀྱི་ཐོག་ནས་མ་མཐར་དགེ་བཤེས་དཀྱུས་མ་ཞིག་གི་དམ་བཅའ་བཞག་པའི་ལག་འཁྱེར་བསྟན་རྒྱུ་ཡོད་དམ་ཞེས་དྲི་བ་འདོན་འདོད་བྱུང། གང་ལྟར་མཐའ་བསྐོར་རི་བསྐོར་དང་། གཡས་བསྐོར་གཡོན་བསྐོར་ག་རེ་བྱས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོས་བསྟན་པ་སྤྱི་དང་ལྷག་པར་དགེ་ལྡན་བསྟན་ལ་དག་ཐེར་གྱིས་དམ་སྲི་དོལ་རྒྱལ་བསྟེན་གསོལ་བྱས་ན་ཁེ་ལས་ཉེན་ཆེ་བས་དམ་བསྒྲགས་གནང་བར། བཀག་སྡོམ་གནང་བ་རེད་ཅེས་ཨུ་ཚུགས་ཀྱིས་ཧམ་བཤད་འུད་སྒྲོག་བྱས་ཏེ་གཞན་ལམ་ནོར་དུ་འཁྲིད་ཐབས་ལ་བརྟེན་ནས་ཕྱི་མི་དོན་དངོས་ཀྱི་གནས་ཚུལ་གང་ཡང་མི་ཤེས་མཁན་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་ཕྱོགས་མཚན་ཤས་བཟོ་ཐབས་ཀྱི་དམིགས་ཡུལ་བཅངས་པ་དེ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ཆོས་བྱེད་པའི་དབང་དུ་བཏང་ཡང་ཆོས་ལུགས་གྲུབ་མཐའ་གང་བྱེད་སོ་སོའི་རང་དབང་རེད། སྲུང་མའང་གང་བསྟེན་སོ་སོའི་རང་དབང་རེད།
འོན་ཀྱང་དོལ་རྒྱལ་བསྟེན་ཕྱིན་ཆད་ངའི་ས་ནས་ཆོས་ཉན་པ་དང་དགེ་ཚུལ་སློང་གི་སྡོམ་པ་ཞུ་བར་མ་ཡོང་ཞེས་གསུངས་པ་ནི་རྒྱུ་མཚན་ཡོད། དེ་ནི་བླ་སློབ་ཀྱི་དམ་ཚིག་གཙང་མ་དགོས་པས་རེད། དཔེར་ན། བཀའ་དབང་གྲུབ་རྗེས་གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱིས། ཞེས་ཁས་ལེན་ཐུབ་ཀྱི་རེད་དམ། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པར་འཇོག་པ་དང། ཕྱི་རོལ་པའི་ལྷ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་པར་འཇོག་གི་ཡོད། འཇིག་རྟེན་པའི་ལྷ་འདྲེ་རྣམས་ནི་གཞན་འཁོར་བའི་འཇིགས་པ་ལས་སྐྱོབ་རྒྱུ་ཕར་བཞག། རང་ཉིད་འཁོར་བར་གནས་ཏེ་ཡོད་པས་དེ་རིགས་ལ་སྐྱབས་བཅོལ་མི་རུང། ལྷག་པར་ང་དགེ་ལུགས་པའི་དམ་སྲི་ཁོ་ཡིན། ཞེས་རང་ཉེས་རང་གིས་ངོས་ལེན་བྱེད་མཁན་དོལ་རྒྱལ་ནི། རྒྱུ་སྨོན་ལམ་ལོག་པ་དང། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་དང་འགྲོ་བར་གནོད་ཅིང་འཚེ་བ་བྱེད་པ་བཅས་ཡིན་པ་ནི་༸རྒྱལ་བ་ལྔ་པ་ཆེན་པོས་དངོས་སུ་ཐག་བཅད་དེ་གསུངས་ཡོད་པས། དོལ་རྒྱལ་སྐྱབས་གནས་སུ་འཛིན་པ་ནི་ཆོས་ཀྱི་གོ་དོན་གང་ཡང་མ་ཤེས་པའི་བླུན་རྟགས་བསྟན་པ་ཡིན་ལ། འཇིག་རྟེན་པའི་ལྷ་འདྲེ་ཚེ་འདིའི་བྱ་བ་ཕྲན་ཚེགས་ཀྱི་གྲོགས་སུ་བསྟེན་པ་ལས། མཚམས་དེ་ལས་བརྒལ་ཏེ་དད་སེམས་ཀྱིས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བརྩིས་ཏེ་སྐྱབས་སུ་འགྲོ་ན་ནང་པའི་གྲལ་ནས་བུད་པ་ཡིན། དོལ་རྒྱལ་བསྟེན་གསོལ་བ་ཞིག་ནས་༸གོང་ས་ཆེན་པོའི་དྲུང་ནས་ཆོས་འབྲེལ་ཞུས་ན། བཤེས་གཉེན་བསྟེན་ཚུལ་གྱི་ཆ་ནས་འགྲིགས་ཀྱི་མ་རེད། བཤེས་གཉེན་བསྟེན་ཚུལ་ལོག་ན་སློབ་མའི་རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་མི་སྐྱེ་ཞིང། ནད་གདོན་གྱིས་གཙེས་པ། བྱ་བ་ལམ་འགྲོ་མེད་པ། ཕྱི་མ་ངན་འགྲོའི་སྡུག་བསྔལ་མྱོང་དགོས་པ་བཅས་གསུངས་ཡོད། བླ་སློབ་དམ་ཚིག་གཙང་མ་མ་བྱུང་ན། ས་བོན་རུལ་བ་དང། ས་བོན་སྐམ་པོ། ས་བོན་དྲི་མ་ཅན། ས་བོན་མེ་ཡིས་འཚིག་པ་བཅས་དང་འདྲ་བར་མྱུ་གུ་ལྗང་ཁུ་འབྱུང་མི་སྲིད་པ་ཡིན། ལར་ནས་ཆོས་གསུང་པ་པོའི་བླ་མར་སུ་ལ་ཆོས་གང་གནང་མི་གནང་གི་ཐོབ་ཐང་ཆ་ཚང་ཡོད།
༸གོང་ས་ཆེན་པོས་དོལ་རྒྱལ་བསྟེན་གསོལ་བྱས་ན་སྤྱི་སྒེར་གང་ལའང་ཕན་ལས་གནོད་ཆེ་བ་དང། དགེ་ལས་སྐྱོན་ཆེ་བ། ཁེ་ལས་གྱོང་ཆེ་བའི་གནས་ལུགས་ཆ་ཚང་མཁྱེན་པ་ལྟར་གང་གི་རྗེས་འཇུག་གི་གདུལ་བྱ་རྣམས་ལ་བླང་དོར་གྱི་ལམ་སྟོན་བཀའ་སློབ་གནང་རྒྱུ་གང་ཉིད་ཀྱི་ཐུགས་འགན་ཆགས་ཡོད། འོན་ཀྱང་བཀའ་ལ་ཉན་དང་མི་ཉན་རང་རང་སོ་སོའི་ལྷག་བསམ་དང་རྣམ་དཔྱོད་ལ་ཐུག་པ་ལས་བཙན་བཀའ་གཏོང་མཁན་སུ་གང་མེད། དཔེར་ན། ཐ་མག་འཐེན་ན་ལུས་ལ་ནད་རིགས་མང་པོ་འཕོག་གི་ཡོད་སྟབས། གཞུང་ལ་མི་མང་གི་བདེ་རྩའི་ཐོག་འགན་ཡོད་པར་བརྟེན་ཐ་མག་ཤོག་སྒམ་རེ་རེའི་ཐོག་ཉེན་བརྡའི་ཚིག་ཐ་མག་འཐེན་ན་རང་གི་འཕྲོད་བསྟེན་ལ་གནོད་( cigarette smoking is injurious to health ) ཅེས་བྲིས་ཏེ་ཉེན་བརྡའི་དྲན་སྐུལ་གཏོང་རྒྱུ་དེ་གཞུང་གི་འགན་རེད། དེ་ལ་ཉན་དང་མི་ཉན་སོ་སོ་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་ལ་གཅེས་པོ་ཡོད་མེད་ལ་ཐུག་ཡོད། ཐ་མག་འཐེན་ན་གཟུགས་གཞིར་གནོད་པ་རྩོད་མེད་ཡོངས་གྲགས་རེད། འོན་ཀྱང་ཚོང་པས་གཞན་གྱི་ལུས་སྲོག་ལ་བསམ་གཞིགས་མེད་པར་ཚོང་གི་ཁེ་ཕན་ཆེད་ཐ་མག་སྐོར་དྲིལ་བསྒྲགས་བྱས་པ་དང་། ཐ་མག་འཐེན་མཁན་ངོས་ནས་ཐང་ཆད་པའི་སྐབས་ཐ་མག་འཐེན་ན་ངལ་གསོ་ཐེབས་ཚུལ་རང་གིས་རང་ལ་མགོ་སྐོར་བའི་འགྲེལ་བཤད་ཁྱད་མཚར་དེ་འདྲ་རྒྱག་གི་ཡོད། དེ་ཚོ་ཡང་དག་དང་མ་དག་དོན་དངོས་ལ་དགོངས་པ་བཞེས་རྒྱུ་རེད།
༸གོང་ས་ཆེན་པོས་གང་ཉིད་བླ་མར་བསྟེན་ཕྱིན་དོལ་རྒྱལ་བསྟེན་གསོལ་སྤང་བླངས་ཚུལ་བཞིན་བྱེད་དགོས་གསུངས་པ་ལས། བསྟེན་མི་ཆོག་ཅེས་བཙན་བཀའ་ནམ་ཡང་གནང་མེད། དེང་སང་ལས་ཁུངས་དང་སློབ་གྲྭ། ཟ་ཁང་དང་ཚོང་ཁང། ཚོགས་ཁང་སོགས་པར་ ( No Smoking ) ཞེས་ཐ་མག་འཐེན་མི་ཆོག་པའི་སྦྱར་ཡིག་སྦྱར་ཡོད་པ། དེ་ནི་གཏན་ནས་འཐེན་མི་ཆོག་པའི་གོ་དོན་མིན། ཁོར་ཡུག་དེའི་ནང་གི་མིའི་བདེ་ཐང་ལ་འགན་འཁུར་བ་ཡིན་པ་ཤེས་དགོས། ཤ་མེད་དཀར་ཟས་ལ་སྤྱོད་པའི་ཟ་ཁང་ནང་ཤ་ཟ་མཁན་རིགས་ཡོང་མི་ཆོག་ཅེས་བཀག་པ་ཡིན་ན། དེ་ནི་ཟ་ཁང་བདག་པོའི་རང་དབང་དང་ཐོབ་ཐང་ཡིན་པ་རེད། ཟ་ཁང་དེར་འགྲོ་དང་མི་འགྲོ་རང་རང་སོ་སོའི་འདོད་པ་རེད། བལ་ཡུལ་ལ་མཚོན་ན། དབང་ཕྱུག་ཆེན་པོའི་ལྷ་ཁང་(Pashupati Nath) གྲགས་ཅན་དེར་མཆོད་མཇལ་དུ་འགྲོ་སྐབས་ལྷམ་དང་སྐེ་རགས་སོགས་པགས་པ་དང་ཀོ་བ་ལས་གྲུབ་པའི་དངོས་རིགས་ཕུད་དེ་བཞག་དགོས་པ་དེ་ཡང་ཆོས་སྤྱོད་ཀྱི་འགྲོ་སྟངས་ཤིག་གི་ཐོག་ནས་དགག་པ་ཡིན། དཔེ་དེ་བཞིན་དེང་སང་གློག་བརྙན་མ་བསྟན་གོང་ཐ་མག་དང་ཆང་རག་གིས་མིའི་གཟུགས་པོར་ཇི་འདྲ་གནོད་ཀྱི་ཡོད་སྐོར་གཞུང་འབྲེལ་ཐོག་ནས་དྲིལ་བསྒྲགས་ནན་པོ་བྱེད་པ་འདི་གཞུང་གིས་དམངས་ཀྱི་བདེ་ཐང་ལ་འགན་ཁུར་ནས་བྱས་པ་ཞིག་རེད། གལ་ཏེ་གཞུང་འབྲེལ་གྱི་དྲིལ་བསྒྲགས་དེས་ཐ་མག་འཐེན་མཁན་དང་ཆང་རག་འཐུང་མཁན་གྱི་རང་དབང་དང་ཐོབ་ཐང་འཕྲོག་གི་འདུག་ཅེས་བསྙོན་འཛུགས་ཀྱིས་སྐད་ཅོར་བརྒྱབ་ན། རང་མདོག་རང་གིས་བསྟན་པ་ལས་ཕན་ཐོགས་གང་ཡང་མེད།
སྔར་རྒྱ་གར་ལ་ཆོས་ལ་སྙད་དེ་ཁྱོ་ག་ཤི་བའི་རྗེས་སུ་བཟའ་ཟླ་མཉམ་དུ་གསོན་བསྲེགས་བྱེད་པའི་སྲོལ་ངན་ཞིག་བྱུང་བར། ཆོས་པ་དང་བསམ་ཡོད་མཁྱེན་ཡོན་ཅན་གྱི་མི་སྣས་འགན་འཁུར་བླངས་ཏེ་ལོ་ནས་ལོ་བསྟུད་དེ་གདོང་ལེན་དགག་པ་གནང་བའི་འབྲས་བུར་དེང་སང་དེ་རིགས་གོ་རྒྱུ་མེད། དཔེ་དེ་བཞིན་༸གོང་ས་ཆེན་པོས་ལམ་ལོག་པ་ལས་སྐྱབས་པ་གནང་བ་བཀའ་དྲིན་ཆེན་པོ་ཡིན་པ་དྲན་དགོས།
དཔེ་གཞན་ཞིག་བརྗོད་ན། མི་ཞིག་གིས་ང་ཧིན་རྡུའི་ཆོས་ལུགས་ལ་ཞུགས་ཀྱི་ཡིན། འོན་ཀྱང་གླང་ཤ་ཟ་ཆོག་པ་དགོས་ཞེས་དང་། དེ་བཞིན་མི་གཞན་ཞིག་གིས་ང་ཁ་ཆེའི་ཆོས་ལུགས་ལ་ཞུགས་ཀྱི་ཡིན། འོན་ཀྱང་ཕག་ཤ་ཟ་རྒྱུ་མཚམས་བཞག་ཐུབ་པ་མི་འདུག་ཅེས་བཤད་ན་འགྲིགས་ཀྱི་རེད་དམ། སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ནས་གང་བྱུང་བཤད་ན་མི་འགྲིགས་ལ། སྡོམས་ཁྲིམས་དང་འགལ་བའི་གཏམ་བཤད་བྱས་ན་ཡང་མི་འགྲིགས། གལ་ཏེ་དེ་ལྟར་ཨུ་ཚུགས་བྱས་ན་གླེན་རྟགས་རྒྱུགས་སྤྲོད་བྱས་པ་ལས་གང་ཡང་ཡོང་རྒྱུ་མེད་པ་ཤེས་པ་བྱེད་དགོས།
གཞན་ཡང་ཚེམས་སྤྲུལ་སྐུ་ཟེར་བས་བླ་མའི་མིང་འཁྱེར་ནས་ཁྲིའི་སྒང་ལ་བསྡད་དེ་ཆོས་བཤད་པའི་འདྲ་པར་ཞིག་འདུག་པ། དེའི་རྒྱབ་ཏུ་བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་ཞིག་དང། དེའི་རྒྱབ་ཏུ་སྟོན་པའི་སྐུ་ཚད་ལས་ཆེ་བའི་དོལ་རྒྱལ་གྱི་འདྲ་གཟུགས་ཆེན་པོ་ཞིག་མངོན་གསལ་དུ་སྒྲིག་འདུག། ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་སྟོན་པའི་སྐུ་རྒྱབ་ཏུ་དེ་ལྟར་འཇོག་སྟེ། ཐ་ན་མགོ་མཇུག་གི་གོ་རིམ་གྱི་འགྲོ་སྟངས་གནད་འགག་འདི་ཙམ་ཡང་མི་བཤད་མཁན་ཞིག་གིས་ཁ་བདེ་པོ་བྱས་ཏེ་ཆོས་བཤད་བྱས་པར་མང་ཚོགས་མགོ་འཁོར་བ་ནི། ཆོས་ཞུ་བ་དེ་དག་གང་ཡང་མི་ཤེས་མཁན་ཤ་སྟག་རེད་འདུག་སྙམ་ནས་སྙིང་རྗེ་སྐྱེས་བྱུང། བླ་མའི་མིང་སྐམ་པོ་ཡོད་པ་དེ་རིགས་ཀྱིས་རང་གི་འདི་སྣང་ཁེ་ཕན་ཆེད་ནང་ཆོས་ལ་བསྲེ་ལྷད་དེ་ལྟར་བཏང་བ་ནི་བསྟན་པའི་སྙིགས་མའི་རང་མདངས་སུ་མཐོང། ༸གོང་ས་མཆོག་འཛམ་གླིང་གི་ས་ཁུལ་གང་དུ་༸ཞབས་སོར་འཁོད་ནའང་། ས་ཁུལ་སོ་སོར་ཡོད་པའི་ནང་པ་སྨྲོས་ཅི། ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གྱི་མི་རིགས་དཀར་ནག་འདྲ་མིན་སྣ་ཚོགས་པས་དགའ་གུས་ཆེན་པོས་ཕེབས་བསུ་ཞུ་བ་དང་། ཆོས་འབྲེལ་དང་གསུང་བཤད་མཛད་སྒོ་གང་སར་མི་ཚོགས་འཚང་ཀ་ཤིག་ཤིག་བཅར་ཏེ་ཇི་ལྟར་ནད་པར་ནད་གསོ་བའི་སྨན་ཐོབ་པ་ལྟར་གང་གི་གསུང་གི་བདུད་རྩི་མི་ཚེའི་ནང་སྡུག་བསྔལ་སེལ་བའི་ཐབས་སུ་ལོངས་སུ་སྤྱོད་ཀྱི་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་འཆར་ཅན་ཆིབས་སྒྱུར་བསྐྱངས་ཡུལ་གྱི་གཞུང་དང་གདན་ཞུ་བར་བསུན་པོ་བཟོས་པ་དང་། དོལ་རྒྱལ་ཚོགས་པས་ལས་མེད་རིགས་ལ་ཀུ་ལི་ནང་བཞིན་ལས་གླ་སྤྲད་པའི་གླ་པ་ཁག་གཅིག་གིས་འཆར་ཅན་ངོ་རྒོལ་བྱེད་ཀྱི་ཡོད། དོལ་རྒྱལ་བསྟེན་གསོལ་བས། ‘ དོལ་རྒྱལ་བསྟེན་མཁན་བརྒྱ་མ་རེད། སྟོང་མ་རེད། ཁྲི་མ་རེད། འབུམ་དང་འབུམ། ས་ཡ་མང་པོ་ཡོད་’ ཅེས་ཡང་ཡང་འུད་སྒྲོག་བྱས་ནའང། ས་ཕྱོགས་གང་དུའང་འཆར་ཅན་གྱི་ངོ་རྒོལ་བའི་གདོང་རིས་གཅིག་པ་ཤ་སྟག་རེད། ཁོང་ཚོས་བརྩམས་པའི་ལས་འགུལ་རིགས་། “ ཀྲུང་གོའི་བོད་ལྗོངས་” ཞེས་པ་རྒྱ་གཞུང་གི་དུས་དེབ་ནང་། ལངས་ཕྱོགས་གཅིག་གྱུར་གྱིས་གཅིག་ཕན་གཅིག་གྲོགས་བྱས་ཏེ་གསར་གནས་ཁོངས་སུ་ཡང་ཡང་སྐྱར་འགོད་བྱས་པ་ནི་སྤྲེའུས་ཟློས་གར་འཁྲབ་སྐབས་རྒྱབ་ལ་ཌ་རུ་དཀྲོལ་ཏེ་བཀོད་བྱུས་བྱེད་མཁན་གཞན་ཞིག་ཡོད་པ་ཤིན་ཏུ་གསལ་པོ་རེད།
སིངྒ་པུར་དོལ་རྒྱལ་ཚོགས་པས་བར་ལམ་ཡང་ནས་ཡང་དུ་དབྱིན་ཡིག་ཐོག་གནས་ཚུལ་སྤེལ་བའི་ནང་མི་ལོ་ ༤༠༠ ཙམ་སྔོན་༸རྒྱལ་བ་བཀའ་བརྒྱུད་པ་དང་རི་བོ་དགེ་ལྡན་པའི་དབར་བྱུང་བའི་གནས་རྙོག་སྐོར་དགེ་བཤེས་ལྷུན་གྲུབ་བཟོད་པའི་རང་རྣམ་ལས་དབུལ་པོར་གཏེར་རྙེད་པ་ལྟར་ལུང་བགྲངས་ཏེ་རྙོག་མ་གཏིང་སློང་གི་དམིགས་ཡུལ་བཟུང་བ་དེ་དང་དོལ་རྒྱལ་བསྟེན་གསོལ་གཉིས་ཀྱི་དབར་འབྲེལ་བ་ག་རེ་འདུག འདི་དང་འདིས་མཚོན་པའི་སྔར་བྱུང་གི་ལོ་རྒྱུས་རྣམས་བོད་ཀྱི་རྒྱལ་རབས་ཀྱི་དེབ་ཐེར་ཁག་དང་དེ་བཞིན་འབྲེལ་ཡོད་མི་སྣའི་རང་རྣམ་ལོ་རྒྱུས་ཁག་ནང་སྔ་ས་ནས་ཕྱི་གསལ་ནང་གསལ་འཁོད་ཡོད། བོད་གཅིག་པུ་མ་གཏོགས་སྔར་འཛམ་གླིང་གི་ཡུལ་གྲུ་གཞན་ནང་དེ་འདྲའི་གནས་ཚུལ་མ་བྱུང་བ་ཡིན་ནམ། ཁོ་ཚོའི་དམིགས་དོན་ནི་བོད་མི་ནང་ཁུལ་དང་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཕན་ཚུན། གཞུང་དམངས་དབར། བླ་མ་དང་སློབ་མའི་དབར་བཅས་པར་མི་མཐུན་པའི་འགལ་ཟླ་བཟོ་སེམས་བྱེད་པ་དེས་ཁོ་པ་ཚོ་བོད་གཞུང་མང་དང་བོད་བརྒྱུད་ནང་བསྟན་བཅས་པར་སྡང་སེམས་མི་དགའ་བ་ཡོད་པ་གསལ་པོ་རེད། དོལ་རྒྱལ་བསྟེན་གསོལ་བྱས་ན་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་གནོད་ཚུལ་ནི་ཁྱེད་རང་ཚོའི་བྱ་སྤྱོད་ཀྱིས་ར་སྤྲོད་བྱས་ཡོད།
བཀའ་བརྒྱུད་པའི་བླ་ཆེན་རྣམས་བཀའ་བརྒྱུད་པ་ནང་ཁུལ་གྱི་བླ་ཆེན་ཕན་ཚུན་ངོས་འཛིན་གནང་སྲོལ་ལས་ཆོས་བརྒྱུད་གཞན་གྱི་བླ་ཆེན་གྱིས་ངོས་འཛིན་གནང་བར་ཐེ་བྱུས་བྱས་འདྲ་སྔ་རྗེས་ཡང་ཡང་གསལ་བསྒྲགས་བྱས་པའི་དམིགས་དོན་ནི་ཆེད་དུ་འཁྱོག་བཤད་བྱས་པ་ཞིག་རེད། དཔེར་ན། དཔལ་ཀརྨ་པ་སྐུ་ཕྲེང་ ༡༣ པ་བདུད་འདུལ་རྡོ་རྗེའི་རྣམ་ཐར་ནང་༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་ཡང་སྲིད་སྐོར་༸སྙན་སེང་གིས་བཀའ་འཁྲོལ་བྱུང་ལུགས་གསལ་བ་དང་། དཔལ་ཀརྨ་པ་སྐུ་ཕྲེང་ ༡༦ པའི་ཡང་སྲིད་ཐད་༸གོང་ས་སྐུ་ཕྲེང་ ༡༣ པ་ཐུབ་བསྟན་རྒྱ་མཚོ་ཆེན་པོར་འདའ་ཁའི་ཞལ་ཆེམས་དགོངས་དོན་ངོས་འཛིན་ཞུ་འཐུས་ཆོག་པ་ཞེས་༸སྙན་གསེང་བཀའ་འཁྲོལ་བྱུང་བ་རྣམ་ཐར་དུ་གསལ། དཔེ་དེ་བཞིན་དུ་༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་ ༡༦ པ་མཆོག་གི་ཡང་སྲིད་སྐོར་སྐུ་གོང་མའི་འདའ་ཁའི་ཞལ་ཆེམས་དགོངས་དོན་གཞིས་བྱེས་ཀཾ་ཚང་དགོན་ཁག་གི་བླ་སྤྲུལ་འདུས་དམངས་བཅས་ནས་རྩེ་གཅིག་ཏུ་རེ་མོས་ཞུས་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་འཛིན་གཏན་འཁེལ་ཆོག་འཐུས་ཀྱི་བཀའ་འཁྲོལ་སྩལ་ཡོད་པ་རེད། དེ་ནི་༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ཡིན་པ་ལྟར་ལུགས་མཐུན་བཀའ་འཁྲོལ་ཞུས་སྩལ་གྱི་ཡ་རབས་ལམ་བཟང་ཞིག་ཡོད་པ་དེ་ལས་བྱུང་བ་ཙམ་དུ་མ་ཟད། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱུང་ལས་མཐོ་བའི་བོད་ཀྱི་བླ་ཆེན་གཞན་མེད་པའི་རྒྱུ་མཚན་གྱིས་ཀྱང་ཡིན།
དཔེ་དེ་བཞིན་དུ་འབྲི་གུང་༸སྐྱབས་མགོན་ངོས་འཛིན་དང་བསྙེེན་རྫོགས་ཀྱི་སྡོམ་པ་སྩལ་བ། ༸སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེ་ངོས་འཛིན་དང་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ། ༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་ངོས་འཛིན་དང་དགེ་ཚུལ་སློང་གི་སྡོམ་པ་སྩལ་བ། ཕྱི་ལོ་ ༡༩༥༥ ལོར་༸གོང་ས་མཆོག་རྒྱ་ནག་ནས་བོད་དབུས་སུ་ཆིབས་བསྒྱུར་སྐབས་སི་ཏུ་རིན་པོ་ཆེའི་གཙུག་ཕུད་འབུལ་བཞེས་དང་མཚན་གསོལ་གནང་བ། ཕྱི་ལོ་ ༡༩༦༤ ལོར་༸རྒྱལ་བ་ཀརྨ་པ་སྐུ་གོང་མས་གསོལ་བ་བཏབ་པ་ལྟར་ཞྭ་དམར་རིན་པོ་ཆེ་ངོས་འཛིན་དང་དབུ་སྐྲ་གཙུག་ཕུད་འབུལ་བཞེས་དང་མཚན་གསོལ་བཅས་༸རྒྱལ་མཆོག་སྐུ་ཕྲེང་ ༡༤ པ་ཆེན་པོས་མཛད་པ་ཁྱེད་ཚོས་མ་གོ་མ་ཐོས་པ་ག་ལ་ཡིན། འདི་དག་ཐམས་ཅད་འབྲེལ་ཡོད་རང་ཁོངས་སོ་སོ་ནས་དགའ་གུས་དང་བས་ཀུན་ནས་བསླངས་ཏེ་གསོལ་འདེབས་ཞུས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་དགོས། འོན་ཀྱང་དཀྲོག་གཏམ་དཀྲུགས་ཤིང་གིས་ནང་ཁུལ་མི་མཐུན་པ་བཟོས་ཏེ་དམིགས་ཡུལ་ངན་པ་འགྲུབ་ཐབས་བྱེད་པ་ནི་ངོ་ཚའི་གནས་ཡིན། གསལ་བཤད་གཞན་ཞིག་དགོས་པ་ལ། དཔལ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སྐུ་གོང་མའི་ཡང་སྲིད་དུ་རྒྱའི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་དེར་༸གོང་ས་མཆོག་གིས་ངོས་འཛིན་གནང་ལུགས་འཁོད་འདུག འོན་ཀྱང་ཁོང་བོད་ལ་བཞུགས་ཐབས་བྲལ་ཏེ་ཉེན་ཁར་མ་འཛེམས་པར་རྒྱ་གར་དུ་ཕེབས་དགོས་བྱུང་ཡོད། མཐའ་ཡས་རྡོ་རྗེ་རིན་པོ་ཆེ་ཡང་བོད་ནས་ཕེབས་པ་རེད། གཉིས་ཀ་བོད་ནས་ཕེབས་པ་གཅིག་པ་ཡིན་ཡང་ཕེབས་སྟངས་ལ་ཁྱད་པར་ཡོད།
ཡང་། བླ་ཆེན་རྣམས་༸གོང་ས་མཆོག་གཅིག་པུ་ནས་ངོས་འཛིན་ཞུ་དགོས་མེད་པ། དཔེར་ན་ཞྭ་དམར་རིན་པོ་ཆེས་བདག་སྐྱོང་གནང་བའི་མཐའ་ཡས་རྡོ་རྗེ་རིན་པོ་ཆེ་༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེས་དཔལ་ཀརྨ་པ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ལུགས་ཟེར་ཐད། བླ་ཆེན་རྣམས་༸གོང་ས་མཆོག་ནས་ངེས་པར་ངོས་འཛིན་དགོས་པའི་བཙན་འགེལ་བྱས་རིགས་སུ་གཅིག་བྱུང་མེད། སྤྱིར་བཏང་རང་ལས་མཐོ་བའི་སྐྱེས་བུ་ཞིག་ནས་ངོས་འཛིན་ཡོང་ཐབས་བྱེད་པ་ནི་འགྲོ་སྟངས་ཤིག་རེད། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་རིན་པོ་ཆེས་ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༢༩ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ལ་ལས་ཤོག་ཐོག་གནང་བའི་ཕྱག་བྲིས་ཕྱག་བསྟར་མའི་བཀའ་ཡིག་ནང་ “ཞྭ་དམར་པས་ངོས་འཛིན་མཛད་པའི་ཀརྨ་པའི་ཡང་སྲིད་དེ། གཙོ་ཆེ་༸གོང་ས་ཡིད་བཞིན་ནོར་བུ་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཡིན་པས། ༸གོང་ས་ཆེན་པོར་ཕྱོགས་གཉིས་ཀས་ཞུས་ཡོད་ཤག་ལས། ངས་ངོས་འཛིན་བྱ་འོས་གཏན་ནས་མེད་པ་མཁྱེན་གསལ་རེད།” ཅེས་འཁོད་པ་ནས་ངོས་འཛིན་གནང་ཡོད་མེད་གསལ་པོ་མི་འདུག་གམ།
ཡང་། ང་ཚོའི་ལུང་པ་འཕྲོག་མཁན་རྒྱ་ཕྱོགས་ལ་འབྲེལ་གཏུགས་བྱས་ཆོག་པ་ལ། དོལ་རྒྱལ་བསྟེན་མཁན་ཚོ་བོད་མི་ཡིན་ཡང་རྒྱབ་གཏོད་བྱས་པའི་ཉེས་པ་ག་རེ་བསགས་ཡོད་ཟེར་མཁན་ཡང་ཡོང་གི་འདུག གོང་དུ་ཞུས་པ་ལྟར་གཙོ་བོ་དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་དབར་དམ་ཚིག་གི་གནས་འགག་ལ་ཐུག་ཡོད། ཁོང་ཚོའི་ཕྱོགས་ནས་ཚུལ་བཞིན་སྤང་བླངས་བྱས་ན་ང་ཚོའི་དབར་མི་འགྲིགས་པ་ཡོང་དོན་མེད། གཞི་རྩ་ཆོས་སྲིད་གཉིས་ཕྱོགས་ནས་བལྟ་སྟངས་མི་འདྲ་བ་ཡོད། དཔེར་ན། རྒྱལ་པོ་ཟེར་བ་ཞིག་དང་བསོད་ནམས་ཟེར་བ་གཉིས་ཁ་རྩོད་ཤོར་ཏེ་མཐར་འཛིངས་རེས་ཀྱིས་རྒྱལ་པོས་བསོད་ནམས་བསད། བསྐོར་བྱ་བར་བརྔན་པ་ཚིམ་པོ་སྤྲད་དེ་ཐར་བའམ། ཡང་ན་ཁྲིམས་སར་ཐུག་སྐབས་རྒྱལ་པོས་ངས་ཁོ་མ་བསད་པ་ཡིན་ན་ཁོས་ང་བསད་ཉེན་འདུག རང་ཉིད་སྲོག་སྐྱོབ་ཆེད་ཁོ་བསད་དགོས་བྱུང་ཞེས་དག་སྐྱེལ་བྱས་ན། སྲོག་ཆད་ལས་ཚེ་བཙོན་ལྟ་བུར་ཁྲིམས་ཀྱི་འོག་ཁ་བསྒྱུར་ཐུབ་པའི་རེ་བ་ཡོད། འོན་ཀྱང་ཆོས་ཕྱོགས་ནས་མི་བསད་པའི་ཉེས་པ་བསགས་པ་ཡིན་ཙང་ཉེས་པ་འཁྱེར་རྒྱུ་ལས། བར་འདུམ་ཆག་ཡངས་ཡོང་ཐབས་མེད།
མདོར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་དོན་ནི། ༸རྒྱལ་མཆོག་ལྔ་པ་ཆེན་པོས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གི་ཕྱག་ལས་དབུ་འཛུགས་གནང་བ་དེའི་མཇུག་སྐྱོང་གནང་བ་ཞིག་དང། དོལ་རྒྱལ་བསྟེན་གསོལ་བ་ཚོས་དོལ་རྒྱལ་ལ་མགོ་འབུལ་ལུས་འབུལ་གྱིས་སྐྱབས་གནས་ཀུན་འདུས་སུ་བརྩིས་ཏེ་ནང་པ་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་དང་ཡོངས་སུ་རྒྱབ་འགལ་བྱས་པར་མ་ཟད། རི་བོ་དགེ་ལུགས་པའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ལྷ་གསོལ་ཀླུ་གསོལ་གྱི་ལམ་དུ་འཁྲིད་པ་བཅས་ལ་དག་ཐེར། དོལ་རྒྱལ་བསྟེན་གསོལ་ལ་བསྟེན་ནས་ཆོས་བརྒྱུད་གཞན་རིས་སུ་བཅད་དེ་ནང་པའི་རྗེས་འཇུག་རྣམས་མི་མཐུན་པ་བཟོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་ལུགས་རིས་མེད་ཕྱག་བཞེས་གནང་བ་ལ་འགལ་རྐྱེན་བཟོ་བ། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཞིག་ཡིན་ཕྱིན་ཆོས་བརྒྱུད་གཞན་གྱི་དབང་ལུང་མན་ངག་ཞུས་ན་དོལ་རྒྱལ་གྱིས་ཚར་བཅད་ཀྱི་རེད་ཅེས་འཇིགས་སྣང་བསྐུལ་ཏེ་ཆོས་དད་རང་མོས་ཀྱི་ཐོབ་ཐང་འཕྲོག་པ། ༸གོང་ས་མཆོག་ཕྱོགས་སུ་ཆིབས་སྒྱུར་གནང་སྐབས་སེར་སྐྱ་མང་ཚོགས་ཁྲོད་ནས་དོལ་རྒྱལ་གྱི་གནོད་པས་རྐྱེན་པས་ལུས་སེམས་མི་བདེ་བ་དང་། ནད་ཀྱིས་མནར་བ། བར་ཆད་སོགས་ཁ་ཆག་སྣ་རལ་བཀྲ་མི་ཤིས་པ་མང་པོ་བྱུང་ཚུལ་ཞུ་མཁན་བྱུང་བ་སོགས་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་སྤྱིའི་བདེ་རྩར་དགོངས་ཏེ་དམ་བསྒྲགས་གནང་བ་ཞིག་རེད།
མཐའ་དོན། ངས་གོང་དུ་གང་ཞུས་པ་རྣམས་དགོངས་པའི་དཔྱད་གཞི་ཙམ་ཡིན། གལ་ཆེ་ཤོས་རང་སོ་སོའི་བློ་གྲོས་ཀྱིས་དོལ་རྒྱལ་སྐོར་དོལ་རྒྱལ་བསྟེན་མཁན་ཕྱོགས་ནས་རྒྱུ་མཚན་ཁུངས་སྐྱེལ་གྱི་འགྲེལ་བཤད་ག་རེ་རྒྱག་གི་འདུག དོལ་རྒྱལ་བསྟེན་གསོལ་མི་བྱེད་མཁན་གྱི་ཕྱོགས་ནས་དེ་ལ་དགག་བྱ་དང་གསལ་བཤད་ག་རེ་རྒྱག་གི་འདུག དེ་གཉིས་ནས་གང་ཞིག་ཁུངས་བཙན་པ་དང། གང་ཞིག་རྒྱུ་མཚན་ཡང་དག་དང་ལྡན་པ་ཡིན་དཔྱད་ཞིབ་ནན་པོ་གནང་སྟེ་རང་ཐག་རང་གཅོད་ཀྱིས་མཇུག་སྡོམ་བརྒྱབ་ཐུབ་ན་ཧ་ཅང་ཡག་པོ་ཡོང་རྒྱུ་ཡིན་པ་དེ་ལུགས་ཚང་མའི་དགོངས་པར་འཇགས་པ་གནང་རོགས།
བཀྲ་ཤིས་བདེ་ལེགས་བཅས། །