༢༠༡༥ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༩ ཉིན་རྔ་བ་རྫོང་ཁོངས་ནས་ཡིན་པའི་བུད་མེད་འཕགས་མ་ལགས་དང་། ཁོང་མོའི་ཚ་བོ་འཇིགས་མེད་ལགས་གཉིས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག
དེ་ཡང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་༥ ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་གི་མདུན་ཐང་དུ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ། ཀན་ལྷོ་ཁུལ་བསང་ཆུ་རྫོང་། འབོ་ར་སྐྱ་དེའུ་ཁོག་རུ་ཁག་གི་ཁོངས་སུ་གཏོགས་པའི་རྡོ་རྗེ་ཚེ་བརྟན་ལགས་དང་། ཁོང་གི་གྲོགས་པོ་ཨ་མདོ་རྔ་པ་ནས་ཡིན་པ་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས། རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་མང་པོ་འཇུ་བཟུང་བྱས་པའི་སྐབས་དེར་འཕགས་མ་ལགས་དང་། ཁོང་མོའི་ཁྱོ་ག་སྐར་ཁོ་ལགས། ཚ་བོ་འཇིགས་མེད་ལགས་བཅས་འཛིན་བཟུང་གིས་སྐར་ཁོ་ལགས་ལ་ཚེ་བཙོན་དང་། འཕགས་མ་ལགས་དང་འཇིགས་མེད་ལགས་གཉིས་ལ་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད་འདུག
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༩ ཉིན་བཙོན་དུས་གཙང་ནས་ལྷ་ས་ནས་གློད་བཀྲོལ་བཏང་སྟེ་ཕྱི་ཚེས་ ༣༡ ཉིན་གཉེན་ཉེ་དང་ས་གནས་བོད་མིའི་ཕེབས་བསུའི་ཁྲོད་ཁྲིན་ཏུའུ་གནམ་ཐང་དུ་འབྱོར་ཡོད་པ་དང་། ཁྲིན་ཏུའུ་རུ་གཟུགས་པོར་བརྟག་དཔྱད་བྱས་རྗེས། ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རང་ཁྱིམ་དུ་འབྱོར་སྐབས་ནང་མི་སྤུན་ཉེ་དང་། གྲོང་པ་ཚོས་ལྷར་རྒྱལ་ལོ། བོད་རྒྱལ་ལོ་ཞེས་བསང་གསོལ་བཏང་བ་དང་། རླུང་རྟ་གཏོར་བ། ཁ་བཏགས་གཡོགས་པ་སོགས་ཁོང་གཉིས་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
ཁོང་གཉིས་ནི། རྔ་བ་རྫོང་ལོ་རྟ་ཡུལ་ཚོའི་ཤོ་དགུ་སྡེ་བ་ནས་ཡིན་ཞིང་། འཕགས་མ་ལགས་རང་ལོ་ ༣༧ ཡས་མས་ཡིན་པ་དང་། ཁོང་མོར་བུ་མོ་གཉིས་དང་བུ་གཅིག་བཅས་བུ་ཕྲུག་གསུམ་ཡོད་འདུག