༢༠༡༥ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ས་བྷ་ས་གོར་ Csaba Sógor མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་བྷར་སེལ་སྐུ་ཚབ་དོན་ཁང་བཅས་ཐུན་མོང་ཐོག་གོང་ཚེས་ཉིན། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ཡུ་རོབ་གྲོས་ཚོགས་ནང་ European Parliament སྲུང་བརྩི་ཞུ་རྒྱུ་ཡིན་འདུག དེ་ཡང་ཕྱི་ཟླ་ ༦ ཚེས་ ༣༠ ནས་ཟླ་ ༧ ཚེས་ ༣ བར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད།
མགོན་པོ་གང་ཉིད་མཆོག་གིས་ད་བར་འཚེ་མེད་ཞི་བའི་ཐབས་ལམ་དང་། དཀའ་རྙོག་རྣམས་གྲོས་མོལ་གྱིས་ལམ་ནས་སེལ་དགོས་པའི་ལམ་སྟོན། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བཅས་རླབས་ཆེན་གྱི་མཛད་རྗེས་ལ་མངོན་བསྟོད་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་པར་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག དེ་ཡང་གོང་ཚེས་ཉིན་གྲོས་ཚོགས་ཀྱི་ཨེ་ཨེ་སི་པི་ ASP building ཁང་ཐོག་གསུམ་པའི་འཁྱམ་རྭའི་སྟེང་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་རྗེས་སི་ཊར་སི་བྷག་ཏུ་ Strasbourg རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ལྷན་ཁང་དུ་ European Parliamentary Association སྤོ་རྒྱུ་ཡིན་འདུག མཛད་སྒོའི་སྐབས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཆབ་སྲིད་མི་སྣ་གྲགས་ཅན་ཁག་སོགས་མཉམ་ཞུགས་གནང་རྒྱུ་མ་ཟད། སྐབས་དེར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་དང་སྨོན་ལམ་གསུང་འདོན་སོགས་ལས་འགུལ་སྤེལ་རྒྱུ་ཡིན་འདུག སྤྱིར་པར་རིགས་འགྲེམས་སྟོན་གྱི་མཛད་སྒོ་དེ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ས་བྷ་ས་གོར་ Csaba Sógor མཆོག་གཉིས་ཀྱིས་དབུ་འབྱེད་གནང་རྒྱུ་ཡིན་འདུག་པ་དང་། སྐབས་དེར་སྐུ་མགྲོན་གྱི་གཏམ་བཤད་གནང་མཁན་ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་སྐུ་ཞབས་ཧེན་རི་མ་ལོ་སི་ Mr. Henri Malosse མཆོག་ཡིན་འདུག