༢༠༡༥ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་ཨོཀ་ལེན་ཌི་ནང་རྟེན་གཞི་བྱས་པའི་ཞི་བདེ་ཐེབས་རྩ་ཁང་གིས་ནིའུ་ཛི་ལེན་ཌིར་བཅའ་བཞུགས་བོད་མི་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་སུ་ཆེ་མཐོང་ལྡན་པའི་ཞི་བདེའི་བྱ་དགའ་ the prestigious Peace Award གནང་འདུག ཁོང་བོད་ནང་སྐྱེས་འདུག་པ་དང་།
བྱ་དགའ་དེ་ཁོང་ལ་གནང་དགོས་དོན་སྐོར་ཚོགས་པའི་འགན་འཛིན་གྱིས་གསུང་དོན། ཁོང་གིས་མི་ཚེ་ཧྲིལ་པོར་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། རིག་གཞུང་འདྲ་མིན་གྱི་ལམ་ལུགས་ཐོག་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཕྱག་ལས་གནང་ཡོད་པར་བརྟེན། ཁོང་ལ་ཐེངས་འདིར་ཞི་བདེའི་བྱ་དགའ་འདི་གནང་ཡོད། ཅེས་གསུངས། སྤྱིར་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་བྱམས་བརྩེའི་བྱ་དགའ་ Unsung Heroes of Compassion ཞེས་པ་ཐོབ་མྱོང་ཡོད་པ་དང་།
ཁོང་ནི་ཕྱི་ལོ་ ༡༩༦༧ ལོར་ནིའུ་ཛི་ལེན་ཌིར་འབྱོར་ཏེ་བོད་རིགས་གཏན་སྡོད་བྱེད་མཁན་ཐོག་མ་དེ་ཆགས་ཡོད་དང་། རང་རིགས་བོད་རིགས་སྤུན་ཟླ་རྣམས་སྐྱབས་བཅོལ་དུ་འབྱོར་སྐབས་ལྷག་བསམ་རྣམ་དག་ཐོག་ནས་རོགས་རམ་ཧ་ཅང་གནང་དང་གནང་མུས་ཡིན་པ་མ་ཟད། ནིའུ་ཛི་ལེན་ཌི་བོད་ཀྱི་གྲོགས་པོ་ཚོགས་པ་གསར་འཛུགས་གནང་མཁན་ཡིན་འདུག ཚོགས་པ་དེས་ནིའུ་ཛི་ལེན་ཌིའི་མང་ཚོགས་ཁྲོད་བོད་མིའི་གནས་སྟངས་སྐོར་གོ་རྟོགས་སྤེལ་བ་བརྒྱུད་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་དང་། བོད་ནས་ཕེབས་པའི་ཆབ་སྲིད་བཙོན་ཟུར་རྣམས་ལ་རོགས་སྐྱོར་གནང་ཆེད་དཔལ་འབྱོར་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག ཕྱོགས་མཚུངས་ཁོང་གིས་ཨོཀ་ལེན་ཌི་སྣ་མང་རིག་གཞུང་འདུས་སྡེའི་ཚོགས་གཙོ་ཡང་གནང་མྱོང་ཡོད་འདུག