༢༠༡༥ ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བལ་ཡུལ་དུ་ས་ཡོམ་གྱི་གནོད་འཚེ་ཕོག་པའི་བོད་མི་རྣམས་ལ་བར་བརྒལ་ངལ་སེལ་ཆེད་བཀའ་ཤག་གིས་བལ་སྒོར་ས་ཡ་སུམ་ཅུ་གནང་རྒྱུར་གསར་འགོད་ལྷན་ཚོགས་ཤིག་སྤེལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་བཅས་ཕེབས་ཏེ་ཕྱི་ནང་གི་གསར་འགོད་པ་ ༢༥ བརྒལ་བར་ལྷན་འཛོམས་ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་དོན། ཚང་མར་སྔ་དྲོ་བདེ་ལེགས། དེ་རིང་རྣམ་པ་ལྷན་རྒྱས་ཕེབས་རོགས་ཞུ་དགོས་དོན་ནི། ཉེ་ཆར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་བྱུང་བའི་གནད་དོན་སྐོར་རེད། རྩ་བའི་འདིའི་སྐོར་དེ་སྔ་གསར་འགོད་ལྷན་ཚོགས་ཐེངས་ཁ་ཤས་བསྐོང་ཟིན་ཡང་། གལ་པོ་ཆེ་ལ་ནན་ཏན་དང་། ཛ་དྲག་གི་གནད་དོན་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་དུས་ཚོད་ལ་དཔག་པའི་ཕྱག་ལས་གནང་ཕྱོགས་གང་ཡིན་པ། ཇི་ཙམ་ཛ་དྲག་པོ་ཡིན་པ་དེའི་སྐོར་ལ་དེ་རིང་སླར་ཡང་གསར་འགོད་ལྷན་ཚོགས་བསྐོང་པ་རེད། འདིའི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགྲེལ་བཤད་ཞིབ་རྒྱས་ཕེབས་ཀྱི་རེད། ཅེས་ངོ་སྤྲོད་གནང་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་གསར་འགོད་ལྷན་ཚོགས་སྤེལ་དགོས་དོན་དང་ལས་འཆར་སྐོར་གསུང་དོན།
བཀའ་ཤག་ནས་ད་ལན་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་ཡོད་པར་སེམས་གསོ་ཞུ་ཆེད་དང་། དངོས་སུ་ས་གནས་ས་ཐོག་དུ་གོད་ཆག་ཇི་བྱུང་གི་གནས་སྟངས་རྟོག་ཞིབ་སླད། སྐུ་ཚབ་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་གཉིས་ཆེད་རྫོང་གནང་སྟེ་གནོད་སྐྱོན་གྱི་དངོས་ཡོད་གནས་སྟངས་བཀའ་ཤག་ལ་སྙན་སེང་གསལ་པོ་ཞུ་ཐུབ་པ་བྱུང་ཡོད།
ས་ཡོམ་གྱི་གོད་ཆག་འོག་འཐོར་ཞིག་བྱུང་བ་ཁག་ལ་རྒུད་སྐྱོབ་ལས་འཆར་ཁག་གསུམ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཐོག་མར་བལ་སྒོར་འབུམ་ལྔ་བཅུ་ང་དྲུག་བགོ་འགྲེམས་ཀྱི་ཛ་དྲག་ངལ་སེལ་ལས་རིམ་སྤེལ་གྲུབ་པ་དང་། རིང་མིན་ཆར་དུས་སྐབས་མཁས་པ་མང་པོས་ནད་ཡམས་དང་དེ་མིན་དཀའ་ངལ་མང་དག་ཅིག་ཡོང་ངེས་ཚོད་དཔག་བྱེད་བཞིན་ཡོད་ན་ཕུགས་འཁྱོལ་བསྐྱར་བཟོའི་ལས་འཆར་གྱི་སྔོན་ལ་བར་བརྒལ་ངལ་སེལ་གྱི་ལས་འཆར་དགོས་གལ་ཆེན་པོ་གཟིགས་ཏེ། བཀའ་ཤག་ནས་རོགས་དངུལ་ཐབས་འཚོལ་གནང་མུས་ཁོངས་ནས་བལ་སྒོར་ས་ཡ་སུམ་ཅུ་ཐམ་པ་གཤམ་གསལ་བར་བརྒལ་ངལ་སེལ་ལས་འཆར་ཐོག་གཏོང་རྒྱུའི་ཐག་གཅོད་གནང་བ་ཡིན།
༡། ཤི་སྐྱོན་བྱུང་བའི་རྗེས་ཤུལ་ཁྱིམ་ཚང་ལ་ཤི་པོ་རེར་བལ་སྒོར་འབུམ་གཉིས་རེ་བརྩིས་པའི་བལ་སྒོར་ ༢༦,༠༠,༠༠༠།
༢། ཉམ་ཐག་ཐོ་གཞུང་ཁ་པའི་ཁོངས་འཚོ་སྣོན་ཐོབ་བཞིན་པ་མི་གྲངས་ ༡༣༩ ལ་ཟླ་རེར་འཚོ་སྣོན་འཕར་མ་སྒོར་༣༠༠༠ རེ་བརྩིས་པའི་ཟླ་དྲུག་འཚོ་སྣོན་འཕར་མ་ཁྱོན་བསྡོམས་བལ་སྒོར་ ༢༥,༠༢,༠༠༠།
༣། ས་གནས་འགོ་འཛིན་ནས་ཕུལ་གསལ་གཞིས་ཁང་འཐོར་ཞིག་ཕྱིན་པ་གྲངས་ ༡༡༡ ལ་བལ་ཡུལ་གཞུང་ནས་བགོ་སྤྲོད་བྱེད་བཞིན་པའི་ལྕགས་ཤོག་གི་འཕྲལ་སེལ་སྡོད་ཁང་གསར་རྒྱག་ཆེད་བལ་སྒོར་ ༡༤,༨༠,༠༠༠།
༤། གཞིས་ཆགས་ཁག་ནང་གཞིས་ཁང་དང་དེ་བཞིན། ལས་ཁུངས། ལས་ཤག་སོགས་ལ་གས་སྐྱོན་ཤོར་བ་ཁག་བཟོ་བཅོས་ཆེད་བལ་སྒོར་ ༤༦,༠༠,༠༠༠།
༥། སྦ་ཁང་དང་། ཤར་ཁུམ་ཐུབ་བསྟན་ཆོས་གླིང་བཅས་བཙུན་དགོན་གཉིས་ལ་དམིགས་བསལ་རྒུད་སྐྱོབ་བལ་སྒོར་ ༣༠,༠༠,༠༠༠།
༦། རྣམ་རྒྱལ་མཐོ་སློབ་དང་། རྣམ་རྒྱལ་འབྲིང་སློབ། སྲོང་བཙན། ཨ་ཏི་ཤ། ལེགས་བཤད་ཚལ། ཀེ་ལ་ཤ། ཤར་ཁུམ་སློབ་གྲྭ་བཅས་བཟོ་བཅོས་དང་འཕྲལ་སེལ་འཛིན་ཁང་གོ་སྒྲིག་ཆེད་ཐོ་གཞུང་ཟུར་ཡོད་ལྟར་ཁྱོན་བསྡོམས་བལ་སྒོར་ ༨༧,༠༠,༠༠༠།
༧། སྨན་བཅོས་དང་འཕྲོད་བསྟེན་རོགས་སྐྱོར་ཆེད་བལ་སྒོར་ ༢༥,༥༠,༠༠༠།
༨། འཛིན་སྐྱོང་དང་། དེ་མིན་གོང་སྨོས་ནང་མ་ཚུད་པའི་ལས་འཆར་དང་ལས་དོན་གྱི་འགྲོ་གྲོན་དམིགས་སྒོར་བལ་སྒོར་ ༤༥,༦༨,༠༠༠།
བཀའ་ཤག་ནས་སྐུ་ཚབ་དོན་གཅོད་ཚོར་བཀོད་ཁྱབ་སྔོན་སོང་ལྟར་འདི་ཟླའི་ཟླ་མཇུག་ཙམ་ལ་རོགས་དངུལ་དེ་དག་བལ་ཡུལ་དུ་འབྱོར་རེ་ཞུ་བཞིན་ཡོད།
དེ་ཡང་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བལ་ཡུལ་ནང་དུ་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་བློ་ཕམ་ཧ་ཅང་ཆེན་པོས་གསུང་དོན། བློ་ཕམ་པ་ཞིག་ལ་བལ་ཡུལ་དང་བོད་ཀྱི་ས་ཁུལ་ནང་ས་ཡོམ་གྱི་གོད་ཆག་འོག་བོད་མི་འགའ་ཤས་འདས་གྲོངས་སུ་གྱུར་ཡོད། ཕྱོགས་མཚུངས་ས་འགུལ་གྱི་ཤུགས་རྐྱེན་འོག་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེ་ཕོག་པར་བརྟེན། ང་ཚོས་དཀའ་སྡུག་འོག་མནར་བཞིན་པའི་ཡུལ་མི་རྣམས་ཀྱི་ཆེད་སྨོན་ལམ་རྒྱག་རྒྱུ་མ་ཟད། ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དཀའ་ངལ་ལ་གདོང་ལེན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་ཐེངས་འདིར་བལ་ཡུལ་ནང་གི་དགེ་བཙུན་རྣམས་ཀྱིས་དབུ་ཁྲིད་དེ་ས་གནས་བོད་མི་རྣམས་ཀྱིས་ངལ་བ་ཁྱད་དུ་གསད་ནས་བལ་ཡུལ་གྱི་རྒྱལ་ས་ཙམ་མ་ཟད། ས་ཁུག་ལུང་ཁུག་དང་། རི་འདབས་སོགས་འགྲིམ་འགྲུལ་ཧ་ཅང་དཀའ་མིན་ལ་མ་ལྟོས་པར་ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞི་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་མིར་མཐུན་ལམ་དང་སེམས་པ་བཟང་པོ་བྱེད་དགོས་པའི་ལམ་སྟོན་བཀའ་སྲུང་དྭང་ལེན་ཞུས་པའི་མཚོན་རྟགས་ཤིག་ཆགས་ཡོད། ཅེས་གསུངས་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།།