༢༠༡༥ ཟླ་ ༦ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཨིན་ཡུལ་པེས་ཊ་ལོ་ཛི་ (Pestalozzi International Village Trust, East Sussex, UK) རྒྱལ་སྤྱིའི་ཐེབས་རྩ་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅུ་པ་ཐོན་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཉིས་ལ་ཨིན་ཡུལ་པེས་ཊ་ལོ་ཛི་ཚོགས་པ་ནས་ (Sussex Coast College, Hastings, East Sussex) མཐོ་སློབ་ཏུ་ (A Level Programme) ལོ་གཉིས་ཀྱི་སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུ་ཞལ་བཞེས་བྱུང་བར། འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༦༠ /CGPA 6.4 ཡན་ལོན་པའི་སློབ་ཕྲུག་རྣམས་ནས་འཚང་རྒྱུགས་ནང་ཞུགས་ཆོག་རྒྱུ་དང༌། གོང་གསལ་ཚོགས་པ་ནས་ཚུད་རྒྱུགས་སྐབས་སྐུ་ཚབ་ཆེད་ཕེབས་ཀྱིས་ཨིན་ཇིའི་སྐད་ཡིག་འབྲི་རྒྱུགས་དང་ངག་རྒྱུགས། ཚན་རིག་དང་ཨང་རྩིས་འབྲི་རྒྱུགས་བཅས་ཀྱི་ལམ་ནས་མཐའ་མའི་མི་འགྲོ་འདེམས་སྒྲུག་རྡ་རམ་ས་ལ་ས་གནས་སུ་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ ནས་ ༢༣ བར་གནང་རྒྱུ་ཡིན་པ་དེ་དོན་འཚང་རྒྱུགས་ནང་ཞུགས་འདོད་ཡོད་པའི་སློབ་ཕྲུག་ནས་གྲ་སྒྲིག་གནང་དགོས་པའི་གསལ་བསྒྲགས་ཞུ་རྒྱུ།
ཀ༽ གོང་གསལ་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང༌། འཚང་སྙན་འབུལ་ཕྱོགས།
༡། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག (Marks Card) གི་ངོ་བཤུས་སམ། རང་ཉིད་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཨང་གྲངས་ (Board Examination Roll Number) ཞུ་སྙན་ནང་ངེས་པར་བཀོད་ཐོག་དེའི་ངོ་བཤུས་ཞུ་སྙན་མཉམ་དུ་འབུལ་ནའང་འཐུས་རྒྱུ།
༢། དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འགོད་དགོས།
༣། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས། གལ་ཏེ་ལག་དེབ་གསར་བཟོ་དང༌། དུས་འགྱངས་ཞུ་ཆེད་བཏང་ཟིན་པ་ཡིན་ཚེ་འབྲེལ་ཡོད་ལས་ཁུངས་ནས་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས།
བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སྦྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས།
༤། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ། ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སྦྱོར་འབུལ་དགོས།
༥། འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་དང་ལག་འཁྱེར་གཞན་གྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ། ཡང་ན་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ཞིབ་བཤེར་ཟིན་པའི་འགན་ལེན་དག་མཆན་ (Attestation) འཁོད་དགོས།
༦། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང༌། གློག་འཕྲིན། ཁ་པར་ཨང་སོགས་ཁ་གསལ་འགོད་དགོས།
༧། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འབུལ་དགོས།
ཁ༽ གོང་གསལ་སློབ་ཡོན་ཆེད་དམིགས་བསལ་ཐུགས་སྣང་དགོས་གལ་ཁག
༡། ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅུ་པ་ཐོན་མཁན་སློབ་ཕྲུག་རྣམས་ནས་ཞུ་སྙན་འབུལ་ཆོག་ཀྱང༌། འདི་ནས་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བརྒྱ་ཆ་རྩེ་བཏོག་གིས་ (Shortlist) སློབ་ཕྲུག་གྲངས་ ༡༤ ཚུད་རྒྱུགས་ཁོངས་སུ་འདེམས་སྒྲུག་བྱ་རྒྱུ་དང་མཐའ་མའི་མི་འགྲོ་རྣམས་འདི་གའི་དྲྭ་རྒྱ་བརྒྱུད་གསལ་བསྒྲགས་བྱ་རྒྱུ། (ཨང་ཐོབ་འདྲ་མཉམ་བྱུང་ཚེ་མཐའ་མའི་ཐག་གཅོད་དེ་འཛིན་རིམ་བཅུ་པའི་ནང་བོད་ཡིག་སློབ་ཚན་བརྒྱ་ཆ་མཐོ་བ་དེ་གདམ་རྒྱུ།) སློབ་ཕྲུག་རང་ཉིད་ཟླ་ ༧ ཚེས་ ༡༩ ཉིན་སྔ་དྲོ་ཕྱག་ཚོད་ ༡༠།༠༠ ནས་ ༡༣།༠༠ བར་ཤེས་རིག་ལས་ཁུངས་སུ་འབྱོར་ཐོ་འགོད་དགོས་ཤིང༌།
༢། འབྲེལ་ཡོད་མཐོ་སློབ་ནས་ལོ་ཚད་ཆ་རྐྱེན་གཏན་འབེབས་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༧ ཟླ་ ༨ ཚེས་ ༢༡ ནས་ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༢༠ དབར་ཏུ་སྐྱེས་པ་ཞིག་དགོས།
༣། ནང་མིའི་ཡོང་འབབ་ཆུང་གྲས་སམ་ཉམ་ཐག་ཁོངས་ཡིན་པ་དང༌། ཨིན་ཡུལ་དང་ཕྱི་རྒྱལ་ཡུལ་ཁག་གཞན་གྱི་ནང་སྤུན་ཉེ་སོགས་མེད་པའི་ཨིན་ཡིག་ཐོག་ངོས་སྦྱོར་ས་གནས་འགོ་འཛིན་ནས་ཞུས་ཏེ་འབུལ་དགོས་རྒྱུ། གལ་ཏེ་འདེམས་སྒྲུག་བྱུང་རྗེས་དྲང་བདེན་མ་ཡིན་པའི་གནས་ཚུལ་ཐོན་ཚེ་གོང་གསལ་སློབ་གྲྭ་ནས་སློབ་བཞེས་གནང་རྒྱུ་མིན་པའི་བརྡ་ལན་བྱུང་སོང་བས་དེ་དོན་ཡིད་གཟབ་ཞུ།
༤། སློབ་ཡོན་འདིའི་འཚང་སྙན་འགེངས་ཤོག་ཁག་གསུམ་འདི་ག་ལས་ཁུངས་ཀྱི་དྲ་ཚིགས་ www.sherig.org/tb or www.sherig.org ནང་བཞག་ཡོད་པས་ཕབ་བཤུས་ཀྱིས་ (Pestalozzi Application form for Candidates-2016) སློབ་ཕྲུག་རང་ཉིད་ནས་ལག་བྲིས་ཏེ་བཀང་དགོས་པ་དང༌། འགེངས་ཤོག་གཉིས་པ་(Pestalozzi Questionaire form for Referees-2016) རང་ཉིད་ཀྱི་སློབ་གྲྭའི་སློབ་སྤྱིའམ་འབྲེལ་ཆགས་དགེ་རྒན་ནས་བཀང་སྟེ་འཚང་སྙན་མཉམ་དུས་བཀག་ནང་ཚུད་འབུལ་དགོས་པ་དང༌། འགེངས་ཤོག་གསུམ་པ་(Pestalozzi Student Family Income Form-2016) འབྲེལ་ཆགས་སློབ་གྲྭའི་སློབ་སྤྱི་རང་ཉིད་ནས་བཀང་སྟེ་འདི་གར་གསང་བའི་ཐོག་དུས་བཀག་ནང་ཚུད་འབུལ་དགོས།
༥། ཕྱི་ལོ་ ༢༠༡༦ ཟླ་ ༨ པའི་ནང་སློབ་བཅར་དགོས་པར་བརྟེན། ཕྱིར་བསྐྱོད་ལག་དེབ་སེར་པོ་ (IC) དུས་ཐོག་ཐོན་ཐབས་དོ་བདག་སོ་སོ་ནས་འགན་འཁུར་དགོས།
༦། ཚུད་རྒྱུགས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་ཕྲུག་རང་ངོས་ནས་བསྒྲུབ་དགོས།
༧། འཚང་སྙན་དུས་ཐོག་མ་འབྱོར་བ་དང༌། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༨། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཚང་མིན་བརྡ་ལན་བྱ་རྒྱུ་དང༌། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་བྱ་རྒྱུ་མིན།
༩། དོགས་འདྲི་ཡོད་ཚེ་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་དགོས།
༡༠། འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པར་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༠༨ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས་པ་དང༌། ས་གནས་ངོ་བཅར་སྐབས་སོ་སོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ངོ་མ་མཉམ་འཁྱེར་དགོས་རྒྱུ་བཅས་དེ་དོན་ཡིད་འཇགས་ཞུ་བཅས། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༠༣ ལ།།
SECRETARY
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra
Himachal Pradesh
Ph: 01892-226695, 222572, 222721
Fax: 01892-223481
Email: [email protected]
Website: www.sherig.org