ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༠ ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པ་ (Foundation for Universal Responsibility of His Holiness The Dalai lama) ཞེས་པས་གོ་སྒྲིག་འོག་སྒུ་རུ་ཀུལ་ཞེས་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༣༣ དང་ཐུག་འཕྲད་ཀྱིས་དཔར་རིགས་ཀྱི་ལམ་ནས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས། དེ་བཞིན་ལྷན་ཁང་ཁག་གི་བྱེད་སྒོ་རྣམ་གསུམ། རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་གྲྭ་ཚང་། དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་ཁང་སོགས་ངོ་སྤྲོད་ཟབ་རྒྱས་གནང་བ་མ་ཟད། དྲི་བར་ལན་འདེབས་ཀྱང་གནང་སོང་།
སྤྱིར་སྒུ་རུ་ཀུལ་ (Gurukul Programme) ལས་འཆར་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༤ ལོར་འགོ་འཛུགས་གནང་བ་དང་། དེ་སྔ་ལས་འཆར་འདིའི་འོག་མཐོ་སློབ་ཀྱི་སློབ་མ་དྲུག་བདུན་ཙམ་ལས་མཉམ་ཞུགས་གནང་མཁན་མེད་ཀྱང། འདས་པའི་ལོ་དྲུག་གི་སྔོན་ཙམ་ནས་ལས་འཆར་དེར་མཉམ་ཞུགས་གནང་མཁན་མང་དུ་ཕྱིན་ནས་ལོ་ལྟར་སློབ་མ་བུ་བཅོ་ལྔ་དང་བུ་མོ་བཅོ་ལྔ་ཙམ་བདམས་ནས་རྡ་སར་རྟེན་གཞི་བྱས་པའི་བོད་པའི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་ཉམས་མྱོང་གསག་རྒྱུ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ཤེས་རྟོགས་བྱ་རྒྱུ་ཡིན་འདུག
ཐེངས་འདིར་སྒུ་རུ་ཀུལ་ལས་འཆར་ནང་མཐོ་སློབ་འདྲ་མིན་ནས་སློབ་མ་གྲངས་ ༣༣ མཉམ་ཞུགས་གནང་ཡོད་ཁོངས་ནས་རྒྱ་གར་སློབ་མ་ ༢༧ དང་། བོད་ཕྲུག་གཅིག ཉི་ཧོང་དང་ཐེ་ཝན། སྦ་ར་ཛིལ། ནེ་རྡར་ལེནཌ། པོ་ལེནཎ་བཅས་ནས་སློབ་ཕྲུག་རེ་ཡོད། དེ་ཡང་སློབ་མ་ཁོང་རྣམས་ལ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༦ ཕྱི་ཟླ་ ༧ ནས་ ༦ བར་ཉིན་གྲངས་ཉི་ཤུ་ཙམ་རིང་བཞུགས་སྒར་རྡ་སའི་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ནང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་ངོ་སྤྲོད་དང་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག་པ་བཅས།།