༢༠༡༥ ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ ༢༠༡༥ ཟླ ༦ ཚེས ༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལྷོ་ཨ་ཕི་རི་ཀ་ནས་འདིར་ཕེབས་པའི་ཀལ་སི་ཝི་སལ་ klasie wessels ལགས་ཀྱིས་སྣེ་ཁྲིད་འོག་ལོ་ན་བགྲེས་གཞོན་གྱི་མི་གྲངས་བཅུ་ཙམ་དང་ཐུག་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ཁྱེད་རང་ཚོར་རྡ་སར་ཕྱི་དྲིལ་ལས་ཁུངས་སུ་བཅར་བར་དགའ་བསུ་ཞུ་རྒྱུ་དང་། དེ་སྔོན་ན་གཞོན་མང་པོ་ཞིག་འདིར་བསླེབས་པ་དང་མ་འདྲ་བར་ཁྱེད་རང་ཚོ་འདིར་ཕེབས་པ་ནི་དམིགས་བསལ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་ཁྱེད་རང་ཚོ་འདིར་བཞུགས་རིང་སྐུ་གཟུགས་བདེ་ཐང་ཡོང་བ་དང་། ཁྱེད་རང་ཚོའི་དམིགས་ཡུལ་ཇི་བཞིན་བསྒྲུབ་ཐུབ་པའི་རེ་སྨོན་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུང་བཤད་དབུ་འཛུགས་ཀྱིས་ཁོང་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་འགྲོ་ལུགས་སྐོར་གསལ་བཤད་གནང་བ་མ་ཟད། ལྷན་ཁང་ཁག་ངོ་སྤྲོད་དང་འབྲེལ་ལྷན་ཁང་དེ་དག་གི་ལས་འགན་ཇི་ཡིན། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ངོ་སྤྲོད་དང་དེ་གསུམ་གྱི་ལས་འགན་གང་ཡིན་པ་སོགས་གོ་བདེའི་ངང་འགྲེལ་བརྗོད་གནང་བ་དང་། ཕྱོགས་མཚུངས་ད་ལྟའི་བོད་ནང་གི་གནས་སྟངས་ཤིན་ཏུ་ཛ་དྲག་ངང་ཡོད་པ་སོགས་ཀྱི་གསུང་བཤད་ལེགས་པར་གྲུབ་མཚམས་ཁོང་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།
དེ་ཡང་སྤྱིར་ལྷོ་ཨ་ཕི་རི་ཀ་ནས་རྡ་སར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཟིགས་སྐོར་ཕེབས་རྒྱུའི་ལས་གཞི་ཐོག་མར་ལག་བསྟར་གནང་མཁན་སྐུ་ཞབས་ཀལ་སི་ཝི་སལ་ klasie wessels ལགས་ཀྱིས་ཐེངས་འདིར་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ཐོག་མར་ལས་གཞི་འདི་ཕྱི་ལོ་ ༢༠༡༢ ལོར་ངས་སྤེལ་སྐབས་དམིགས་ཡུལ་གཙོ་བོ་གང་ཟག་རང་ཉིད་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་སྐྲུན་ཆེད་ཡིན། འོན་ཀྱང་ཕྱིས་སུ་ངའི་དམིགས་ཡུལ་ལ་འགྱུར་བ་ཕྱིན་ནས་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་བཟུང་ཡོད། ཅེས་ལན་འདེབས་གནང་། ཁོང་ནི་ལྷོ་ཨ་ཕི་རི་ཀའི་ནང་སྲང་ལམ་སློབ་གྲྭ (Street School) ཞེས་པའི་འགན་འཛིན་ཡིན་པ་དང་། ད་ཐེངས་རྡ་སར་གཟིགས་སྐོར་གནང་ཐེངས་ ༡༡ ཡིན་འདུག