༢༠༡༥ ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ནས་ ༣༡ བར་རྡ་སྟེང་བོད་ཁྱིམ་དུ་ཚོགས་པའི་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༣༡ ཉིན་མཇུག་བསྒྲིལ་ཡོད་ཅིང༌། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་མཆོག་ཚོགས་ཕེབས་གནང་ཡོད།མཇུག་བསྡོམས་མཛད་སྒོའི་ཐོག་མར་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་གི་བཀའ་འཁྲོལ་འོག་མཛད་སྒོའི་ལས་རིམ་དབུ་འཛུགས་ཞུས་ཏེ། ཉིན་ལྔའི་ཟབ་སྦྱོང་གི་ལས་བསྡོམས་སྙན་སྒྲོན་ཞུས་སྐབས་སློབ་ཁྲིད་གནང་མཁན་མི་སྣ་སོ་སོས་བརྗོད་གཞི་གང་ཞིག་ཐོག་གསུང་བཤད་གནང་བའི་སྐོར་དང༌། དེ་བཞིན་ཐེངས་འདིའི་ཟབ་སྦྱོང་སྐབས་ཚོགས་བཅར་བ་དགེ་རྒན་ ༢༡༥ བྱུང་ཡོད་པ་ཁོངས་ནས་བུད་མེད་ ༡༤༠ དང་སྐྱེས་པ་ ༧༥ བྱུང་ཡོད་པ་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་རྡ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲིད་ཆོས་ལགས་རྣམ་གཉིས་ནས་ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོང་ཚོགས་བཅར་བ་རྣམས་ལ་མཇུག་བསྡོམས་གསུང་བཤད་གནང་དོན། ད་ལན་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་བ་རྣམས་སྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་གསུང་ཆོས་དང་དེ་ནས་ཉིན་གཅིག་ཐུགས་རྗེ་ཆེན་པོའི་དབང་ལུང་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་བསྐལ་པ་བཟང་པོ་ཞིག་ཡིན་པ་དང༌། ཐེངས་འདིའི་ཟབ་སྦྱོང་ཚོགས་བཅར་བའི་ཁོངས་དགེ་རྒན་སྐྱེས་པ་ལས་བུ་མེད་ལྡབ་གཉིས་ཀྱིས་མང་བ་ཡོད་པ་ནི། རྩ་བའི་གཞི་རིམ་འོག་མའི་སློབ་ཕྲུག་གི་ལོ་ནའི་བབ་དང་འཚར་ལོངས་རང་བཞིན་གྱི་ཆ་ནས་བུད་མེད་དགེ་རྒན་དགོས་གལ་ཆེ་བ་ལྟར་དོན་ལའང་དེ་ལྟར་གནས་ཡོད་པ་ནི་ངེས་པར་དགའ་འོས་པར་སྙམ། རྒྱུ་མཚན་གང་ཡིན་ཞེ་ན་བུད་མེད་ནི་ཡོངས་གྲགས་སུ་སྐྱེས་པ་ལས་བྱམས་སྙིང་རྗེ་དང་བརྩེ་སེམས་ལྡན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། སློབ་ཕྲུག་གི་ཤེས་ཡོན་སྤུས་ཚད་ཇི་ཙམ་བྱུང་མིན་ནི་གཙོ་བོ་དགེ་རྒན་ལ་ཐད་ཀར་རག་ལུས་པ་དང༌། ཤེས་རིག་ལས་ཁུངས་ནི་སློབ་ཕྲུག་ཚོའི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཐོག་མཐུན་འགྱུར་སྦྱོར་སྤྲོད་བྱེད་རྒྱུ་དེ་ཆགས་ཡོད་པ་ལྟར།
འདས་པའི་ལོ་ཤས་ནས་སྤྱིར་བོད་ཕྲུག་གི་ཤེས་ཡོན་སྤྱི་དང་ལྷག་པར་གཞི་རིམ་ཤེས་ཡོན་སྤུས་ཚད་ལྡན་པ་ཡོང་ཐབས་སུ་ལས་འཆར་སྣ་མང་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་པ་མ་ཟད། དགེ་རྒན་རྣམ་པས་ཀྱང་ད་ལན་ཟབ་སྦྱོང་འདི་ནས་བློ་བསྐྱེད་ཇི་ཙམ་བྱུང་བ་རྣམས་དངོས་སུ་སློབ་ཁྲིད་ལག་ལེན་ནང་ལག་བསྟར་གནང་ཐུབ་པ་ཞིག་དང་སོ་སོའི་ཁྱད་ལས་གོང་མཐོར་གཏོང་རྒྱུར་ཅི་ནས་འབད་བརྩོན་གནང་དགོས་སྐོར་གསུངས། གཞན་ཡང་ཉེ་དུས་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ཅི་ཞིག་སྤེལ་བཞིན་ཡོད་མེད་སྐོར་ངོ་སྤྲོད་གནང་ཡོད་པ་རེད། མཛད་སྒོའི་མཐའ་མར་ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་མཛད་སྒོར་ཚོགས་ཕེབས་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཟབ་སྦྱོང་བ་རྣམས་ས་གནས་འདྲ་མིན་ནས་ཟབ་སྦྱོང་དུ་ངོ་ཞུགས་ཐུབ་པ་དང༌། དེ་མིན་ཟབ་སྦྱོང་ཚགས་ཚུད་གོ་སྒྲིག་ཐུབ་པར་རྡ་སྟེང་བོད་ཁྱིམ་གྱི་དབུ་ལས་རྣམ་པར་ཕྱར་བ་གྲུ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ།