༢༠༡༥ ཟླ་ ༦ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྩེད་ཐང་སྟེང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བའི་༸རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ཐེངས་ ༢༡ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད།
ཐེངས་འདིར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡིན་པ་དང་། གཞན་ཡང་སྐབས་དེར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཁག་གཅིག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཕེབས་འདུག
དེ་ཡང་མཛད་སྒོའི་ཐོག་མར་རྡ་སྟེང་བོད་ཁྱིམ་རྩེད་རིགས་རུ་ཁག་གིས་རྔ་རོལ་དང་བཅས་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་གྱི་རུ་ཁག་ ༢༨ ཡོད་པ་རྣམས་ཀྱི་རྩེད་མོ་བ་རྣམས་རྩེད་ཐང་དུ་ཐོན་ནས་རུ་ཁག་སོ་སོའི་རུ་དར་འཕྱར་ནས་རུ་སྒྲིག་གནང་རྗེས། ལྟས་མོ་བ་རྣམས་ཡར་བཞེངས་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།
དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ཆེད་རང་སྲོག་ཚུན་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་གཙོ་གྱུར་ཐོག་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་པ་དང་སྦྲགས། བདེན་ཚིགས་སྨོན་ལམ་གསུང་འདོན་གནང་།
དེ་རྗེས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དུས་དྲན་དམིགས་བསལ་ཐོག་སྲུང་བརྩི་ཞུ་ཆེད། རྩེད་འགྲན་སྐབས་མང་ཚོགས་ནས་བཟང་སྤྱོད་དང་འབྲེལ་བའི་སེམས་ཁུར་བླང་ནས་མི་སྨོན་རང་སྐྱིད་ཡོང་བ་ཞིག་གནང་དགོས་པའི་འབོད་སྐུལ་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ་དང་སྦྲགས་རྩེད་འགྲན་བ་ཚོར་གསུང་བཤད་གནང་དོན། ༸རྒྱལ་ཡུམ་ཆེན་མོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་བཞིན་ཡོད་པའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་མང་པོ་ཞིག་ཚོགས་དང་འཚོགས་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བླ་ན་མ་མཆིས་པ་དེ་ག་དུས་ཡིན་ནའང་ང་རང་ཚོའི་སེམས་ནང་དྲན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྩེད་མོ་ཟེར་བ་དེ་གཙོ་བོ་སོ་སོའི་ལུས་པོ་བདེ་ཐང་ཡོང་ཆེད་དང་། གཉིས་པ་དེ་གོང་ནས་གསུངས་པ་ལྟར་ཁྱེད་རང་ཚོའི་ནང་ཁུལ་ལ་ཕན་ཚུན་འབྲེལ་བ་དང་འཆམ་མཐུན་ཡོང་རྒྱུའི་གོ་སྐབས་གལ་ཆེན་པོ་ཞིག་ཆགས་ཡོད།
ཁྱེད་རང་ཚོས་རྩེད་མོ་རྩེད་སྐབས་རྩེད་མོ་རང་གི་ཐོག་ནས་རྩེད་དགོས་པ་རེད་མ་གཏོགས་ནང་ཁུལ་དུ་དགའ་མ་དགའ་ཡི་གནས་ཚུལ་བྱུང་པ་ཡིན་ན། གོ་སྒྲིག་བྱེད་པའི་དགོས་པ་དང་མི་མཐུན་པར་བརྟེན། ཚང་མས་དགོངས་པ་བཞེས་དགོས་པ་ཞིག་རེད། དེ་བཞིན་ང་ཚོ་བཙན་བྱོལ་ནང་གྱར་ཡོད་སྟབས། རྩེད་མོའི་ལམ་ནས་བོད་པའི་གནད་དོན་ངོ་སྤྲོད་བྱ་རྒྱུའི་ལས་འགན་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན། ཚང་མས་གོང་ནས་རེ་སྐུལ་ཞུས་པ་རྣམས་འགན་འཁུར་བའི་ཐོག་ནས་འགྲོ་དགོས་པ་རེད་མ་གཏོགས་ཞབས་འདྲེན་ཞུས་ན་ཏག་ཏག་འགྲིག་གི་མེད། རྩེད་མོ་རྩེད་སྐབས་རུ་ཁག་གཅིག་མ་གཏོགས་ཐོབ་ཀྱི་མེད་པ་དེ་འགྲོ་སྟངས་ཡིན་སྟབས། སུ་ཐོབ་པ་ཡིན་ནའང་དེར་ཚང་མས་དགའ་བསུ་ཞུ་རྒྱུ་གལ་ཆེན་པོ་རེད། རྩེད་འགྲན་པ་རྣམ་པ་ཚང་མ་རྩེད་མོ་གང་ལེགས་ཤིག་ཡོང་རྒྱུ་དང་། རྩེད་མོ་རྩེད་སྐབས་དགོས་དམིགས་མཐུན་པ་ཞིག་རྩེ་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས་ཅན་རྡི་གྷར་རུ་ཁག་དང་བལ་ཡུལ་པོག་ར་བཀྲ་ཤིས་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་བ་དང་པོག་ར་བཀྲ་ཤིས་གླིང་རུ་ཁག་གིས་རྒྱལ་ཁ་བླངས་པ་དང་།
དེ་ནས་སྦིར་རུ་ཁག་དང་ནིའུ་ཡོག་གཉིས་འགྲན་མཐར་ཕྱོགས་གཉིས་ཀ་འདྲ་མཉམ་གྱིས་རྒྱལ་ཕམ་བྱུང་ཐུབ་མེད་པ་དང། མཐར་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ཆེད་གཞས་སྣ་གསར་པ་ཞིག་དང་རྒྱལ་ཡུམ་ཆེན་མོའི་གཟེངས་རྟགས་ཀྱི་ཆེད་དུ་གཞས་སྣ་གསར་པ་ཞིག་བཏང་སྟེ་མཛད་སྒོ་རྒྱས་པར་གྲུབ། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༡ སྐབས་འདིར་རུ་ཁག་ ༢༨ མཉམ་ཞུགས་གནང་ཡོད་པ་དང་། ཉིན་རེར་རུ་ཁག་བརྒྱད་རེའི་དབར་རྩེད་འགྲན་བྱ་རྒྱུ་ཡིན་པ་དང་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྩེད་འགྲན་མཐའ་མ་གནང་རྒྱུ་ཡིན་པ་བཅས། །