༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འཐུས་ཚང་གནང་ཡོད་ཅིང་།
སྐབས་དེར་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་བམ་ཊུ་ཀི་ Mr. Nabam Tuki མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཉིད་མཆོག་ནི་འཛམ་གླིང་ནང་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལམ་སྟོན་མཛད་མཁན་ཞི་བདེའི་དེད་དཔོན་ཞིག་ཡིན་པ་དང་། སྐུ་ཉིད་མཆོག་གི་ཐུགས་མཁྱེན་པའི་ཡོན་ཏན་ནི་རྒྱ་མཚོ་ལྟ་བུ་ཟབ་ཅིང་རྒྱས་པ་དང་། སྐུ་ཉིད་མཆོག་གི་འགྲོ་བ་མིའི་བདེ་དོན་སྤྱི་དང་ལྷག་པར་རང་དབང་དང་དྲང་བདེན་ཆེད་སྐུ་ཚེ་ཧྲིལ་པོར་ཐུགས་བརྩོན་མཛད་དང་མཛད་མུས་ཀྱི་མཛད་རྗེས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ངོས་འཛིན་ཞུས་ནས་མགོན་པོ་གང་ཉིད་མཆོག་ལ་ཞི་བདེའི་གཟེངས་རྟགས་སྙན་གྲགས་ཆེ་ཤོས་དེ་འབུལ་ལམ་ཞུས་ཡོད།
དེར་བརྟེན་དེ་རིང་ངོས་རང་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་ལྷན་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་གྱི་མཛད་སྒོར་མཉམ་ཞུགས་ཐུབ་པར་སྙིང་ཐག་པ་ནས་དགའ་ཚོར་ཆེན་པོ་བྱུང་། ངོས་ཀྱིས་ད་ལྟའི་དུས་སྐབས་འདིར་འཛམ་གླིང་ནང་གི་ཆེས་གུས་བཀུར་ཆེ་ཤོས་ཞུ་ཡུལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུང་པ་མ་ཟད། བློན་ཆེན་མཆོག་གིས་ཨ་རུ་ནཱ་ཅལ་གཞུང་མང་གཉིས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཞུས་པ་མ་ཟད། མངའ་གཞུང་གིས་མགྱོགས་མྱུར་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ཞེས་པ་གཏན་འབེབས་གནང་རྒྱུའི་ཁས་ལེན་ཞུས་པ་དང་སྦྲགས་གསུང་དོན། ངོས་ཀྱིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མི་གནས་ཁུལ་གྱི་ས་གནས་ཚང་མར་ཕྱིན་པ་ཡིན། ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་ཚོའི་དཀའ་ངལ་སེལ་རྒྱུ་ནི་ངོས་ཀྱི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་ཞུས་རྗེས་༸གོང་ས་མཆོག་ལ་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་འཆར་ལོའི་ཕྱི་ཟླ་ ༥ ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་རྒྱུའི་ཞལ་བཞེས་མཛད། གཞན་ཡང་སྐབས་དེར་བློན་ཆེན་མཆོག་གིས་མངའ་གཞུང་གིས་༸གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་དང་བསྟོད་ཚིགས་ཕུལ་བ་དེ་ཨ་རུ་ནཱ་ཅལ་པར་དེ་ཤིའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྒྲོགས་སྦྱང་ཞུས།།