༢༠༡༥ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཡུན་རིང་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་ Dianne Feinstein མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ བཞེས་པའི་དགའ་སྟོན་རྟེན་འབྲེལ་དུ་འཚམས་འདྲིའི་གྲོས་ཆོད་ཅིག་མནམས་འདུག གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མཀ་ཀག་ Senators Mark Kirk མཆོག་དང་། བྷར་བྷ་ར་བྷོག་སར་ Barbara Boxer མཆོག བྷེན་ཀར་ཌིན་ Ben Cardin མཆོག ཌིཀ་ཌར་བྷིན་ Dick Durbin མཆོག རོ་བྷར་ཊི་མེ་ནན་ཌེ་ཛི་ Robert Menendez མཆོག་བཅས་ཡིན་འདུག དེ་ཡང་སྐབས་དེར་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་མཆོག་གིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གི་དབུ་ཁྲིད་ཁྲོད་ཆོས་ཕྱོགས་ཀྱི་ལམ་སྟོན་གནང་མཁན་དང་བཟང་སྤྱོད་ཀྱི་ལམ་སྣེ་འདྲེན་མཁན་གྱི་དབུ་ཁྲིད་འབུར་དུ་ཐོན་པ་ཞིག་ཡིན། ཁོང་གིས་ཞི་བདེ་དང་བྱམས་བརྩེ། འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་དེ་དག་འཛམ་གླིང་ཕྱོགས་ཀུན་ཏུ་གྲགས་བཞིན་ཡོད་པ་མ་ཟད། མི་དང་མིའི་དབར་གྱི་བར་ཐག་ཉུང་དུ་གཏོང་གནང་མཛད་པ་བརྒྱུད་མི་གྲངས་ས་ཡ་མང་པོར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དྲན་བསྐུལ་གཏོང་གནང་མཛད་བཞིན་ཡོད། དེར་བརྟེན་དེ་རིང་ངའི་བརྩེ་བའི་གྲོགས་པོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཉིད་ལ་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་མ་ཟད། འབྱུང་འགྱུར་སྐུ་ཉིད་མཆོག་གི་བཀའ་སློབ་དེ་དག་གིས་འགྲོ་བ་མང་པོ་རྗེས་སུ་འཛིན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས། ཕྱོགས་མཚུངས་སྐབས་དེར་གྲོས་ཚོགས་གོང་མའི་ཐུས་མི་སྐུ་ཞབས་མཀ་ཀག་མཆོག་གིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེའི་མཚོན་རྟགས་ཤིག་ཡིན། མགོན་པོ་གང་ཉིད་མཆོག་གིས་དཀའ་ངལ་ཧ་ཅང་འོག་བོད་མིའི་ཆོས་དད་རང་དབང་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཆེད་ལམ་སྟོན་དབུ་ཁྲིད་མཛད་པ་དེར་ང་ཚོ་ཚང་མར་སྙིང་སྟོབས་དང་བློ་སྟོབས་སྐྱེ་གཞི་ཞིག་ཆགས་ཡོད། །