ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་རི་སྔོན་པོ་ Blue Mountains ཞེས་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་དང་བཀའ་དབང་སྩོལ་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༧ ཉིན་གྲོང་ཁྱེར་ཉེ་འགྲམ་དུ་ཀ་ཊོམ་བྷ་ Katoomba ཞེས་པའི་ས་གནས་སུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌི་ Australia and New Zealand བཅས་ནས་དད་ལྡན་མང་ཚོགས་གྲངས་ ༡༤༠༠ ཙམ་འདུ་འཛོམས་གནང་འདུག་པ་དང་། དེ་ཁྲོད་ཡུལ་གྲུ་གཉིས་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་གྲངས་ ༡༠༠༠ ལྷག་ཙམ་དང་། ཝི་ཏི་ནམ་ཆོས་ཞུ་བ་གྲངས་ ༢༠༠ ཙམ། དེ་བཞིན་འབྲུག་པ་གྲངས་ ༦༠ ཙམ། སོག་པོ་མི་གྲངས་ ༡༠ བཅས་བཅར་ཡོད་འདུག
དེ་ཡང་མཛད་སྒོའི་ཐོག་མར་ཞལ་འདོན་གསུང་འདོན་གནང་བ་དང་སྦྲགས། རྟེན་འབྱུང་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན། དེ་རིང་བོད་མི་མང་པོ་ཞིག་འདིར་ཕེབས་ཡོད། ཁྱེད་ཚོ་ཐོག་མར་རྒྱ་གར་དང་དེ་ནས་འདིར་སྐྱབས་བཅོལ་གཉིས་པ་ལྟ་བུ་བྱས་ནས་བསླེབས་ཡོད། བོད་ནས་རྒྱ་གར་དུ་ཡོང་བ་དེ་སྐྱབས་བཅོལ་གཅིག་བྱས། དེ་ནས་ཨོ་སི་ཊོ་ལི་ཡར་ཚུར་ཡོང་བར་བརྟེན་སྐྱབས་བཅོལ་གཉིས་པ་ཆགས་ཡོད། ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ལྷག་བསམ་རྣམ་པར་དཀར་བ་དང་། རང་རིགས་ཀྱི་ལ་ཞེན་དོར་མེད་དུ་གནས་ནས་དེ་རིང་ང་ཚོ་རུབ་རུབ་བྱས་ནས་ཐུག་རྒྱུ་བྱུང་ཡོད། དེ་རིང་འདིར་བརྟན་བཞུགས་འདོན་པ་མང་པོ་དེ་འདྲ་གང་ཡང་མི་དགོས་པའི་ཐོག་ནས་སྙིང་བསྡུས་ཤིག་བྱ་རྒྱུ་དང་། གཙོ་བོ་ཁྱེད་རང་ཚོས་དད་པ་དམ་ཚིག་གཡོ་བ་མེད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་གཅིག་སྟོན་པ་གཅིག་གི་རྗེས་འབྲང་གི་ཆོས་གྲོགས་ལྟ་བུ་དང་། ལྷག་པར་ས་འབྲེལ་གྱི་ཆ་ནས་འབྲེལ་བ་ཡོད་མཁན་འབྲུག་ནས་མི་འགའ་ཤས་ཕེབས་ཡོད། དེ་བཞིན་ཝི་ཏི་ནམ་ནས་མི་འགའ་ཤས་ཕེབས་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་འདིར་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་ཞབས་བརྟན་གང་དང་གང་བསྒྲུབ་པའི་སྙན་ཐོ་ཞིག་འདུག འདི་དོན་དག་ཆ་ཚང་བ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཤམ་འདིར་དོན་ཚན་འགའ་ཤས་ཤིག་དམ་བཅའ་བཞག་པ་ཞིག་བཀོད་འདུག
བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་སྤྱིའི་དོན་དམ་པའི་མཚོན་དོན་དུ་གྱུར་བ་མ་ཟད་མི་རིགས་ཀྱི་མཚན་ཤས་སུ་མི་འགྲོ་བའི་བླང་དོར་འཇུག་སྒོའི་ལམ་སྟོན་ཁག་ལ་བསམ་སྦྱོར་གཉིས་ནས་དུས་ནམ་ཡང་མི་འགལ་བའི་ཡང་དག་པའི་སྤང་བླངས་ཀྱི་དམ་བཅའ་ཞུ་རྒྱུ། དམ་བཅའ་དང་པོ་དེ་རེད། གཞི་རྐང་ང་རང་ཚོ་བོད་པ་སུད་སི་དང་། ཨ་རི། ཁེ་ན་ཌ་སོགས་འཛམ་གླིང་ཡུལ་གྲུ་ཁག་མང་པོའི་ནང་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་འདུག དངོས་གནས་སོ་སོའི་མི་རིགས་ཀྱི་མཚན་དོན་ལ་རྒྱར་སྨན་པའི་སྒོ་གསུམ་གྱི་སྤྱོད་པ་ཧ་ཅང་ཡག་པོ་འདུག ས་གནས་ཡུལ་མི་ཚོས་ཀྱང་ས་གནས་བོད་རིགས་རྣམས་ལ་བསྔགས་བརྗོད་ཞུ་རྒྱུ་དེ་འདྲ་ཡོང་གི་ཡོད། འོན་ཀྱང་ཕྱིའི་སྤྱི་ཚོགས་ནང་དེ་ཙམ་ཡ་རབས་སྤྱོད་བཟང་མེད་པའི་ས་ཁུལ་དུ་ཤུགས་རྐྱེན་ཐེབས་ནས་ང་རང་ཚོ་བོད་མི་མི་རབས་གཞོན་པའི་ཁྲོད་སྐབས་རེ་མཚན་ཤས་བཟོ་མཁན་དེ་འདྲ་ཡོང་གི་ཡོད། གཞན་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་རེད། དེ་རིང་ཁྱེད་རང་ཚོས་འདིར་དམ་བཅའ་བཞག་པ་འདི་ཧ་ཅང་ཡག་པོ་བྱུང་འདུག
གཉིས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་ཡོད་ལམ་སྟོན་ཐོག་ཤར་བསྐྱོད་ཀྱི་དམ་ཚིག་ལ་རྒྱ་གཅིག་ཏུ་གནས་རྒྱུའི་དམ་བཅའ་ཞུ་རྒྱུ། འདི་ཡང་འགྲིག་པ་ཞིག་བྱུང་འདུག ཕྱི་ལོ་༢༠༡༠ ཙམ་བར་ངོས་ཀྱིས་འགན་འཁྱེར་ནས་ཕྱིན་པ་རེད། གཙོ་བོ་རྒྱ་ཆེའི་མི་མང་ཚང་མས་ཧུར་ཐག་བྱས་བྱུང་། དེ་འདྲའི་ཐོག་ནས་ང་ཚོ་བཙན་བྱོལ་དུ་བསླེབས་ནས་གཞི་མེད་ས་གཅིག་ལ་གཞི་གསར་པ་ཞིག་ཚུགས། དེ་ནས་རིམ་བཞིན་ང་རང་ཚོ་བོད་རང་ཉིད་ཀྱི་མི་རིགས་ཀྱི་རྣམ་པ་མཚོན་རྒྱུའི་སྐད་ཡིག་ཡོད་པ་དེ་ཡང་སོ་སོ་རང་ཉིད་ཀྱི་གནའ་རབས་གཅིག་པུ་མིན་པར་དེང་དུས་ཀྱི་ཤེས་ཡོན་ཡོང་ཆེད་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས། གཙོ་ཆེ་རྒྱ་གར་གཞུང་གི་རོགས་རམ་ཡག་ཐག་ཆོད་གནང་ཡོད། སྲིད་བློན་ནེ་ཧ་རུ་མཆོག་ཡོད་སྐབས་སྲིད་བྱུས་དེ་དག་ཐག་གཅོད་བྱས་ནས་ཡག་ཐག་ཆོད་བྱུང་བ་རེད། དེ་བཞིན་ཆོས་སྒར་ཁག་དེ་དག་ཚུགས་ནས་གཞི་མེད་ས་ཞིག་ལ་གཞི་གསར་པ་ཞིག་ཚུགས་པའི་ཐོག་ནས་ཆོས་དང་རིག་གཞུང་མི་རིགས་ཀྱི་རྣམ་པ་མཚོན་པའི་བྱེད་ཐབས་མང་པོ་ཞིག་བསྒྲུབ་ནས་བྱུང་བ་རེད། རྩ་བའི་བོད་དོན་དཀའ་ངལ་སེལ་རྒྱུའི་སྐོར་ལ་མཚོན་ནའང་སྒོ་གང་ས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱ་རྒྱུས་མཚོན་པའི་མང་པོ་ཞིག་བྱས་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ། པཎྜི་ཏ་ནེ་ཧ་རུས་བཀའ་སློབ་ལྟར་མེས་འཚིགས་མེར་གཏུགས་བྱས་ནས་ཐབས་ཤེས་བྱས་ན་མ་གཏོགས་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་ཆེད་འཁྲུག་པ་རྒྱག་གི་མ་རེད། དེ་བཞིན་རྒྱལ་ཚོགས་ལ་ཞུས་ཀྱང་ནུས་པ་ཐོན་གྱི་མ་རེད་ཅེས་ནེ་ཧ་རུས་གསུངས་བྱུང་། གང་ལྟར་ཐབས་ཤེས་སྒོ་གང་ས་ནས་བྱས་པའི་ཉམས་མྱོང་ཕྱོགས་བསྡུས་བྱེད་སྐབས་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ནས་གཏུགས་དགོས་པའི་གནས་ཚུལ་དེར་བབ་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་ད་བར་གྱི་སྲིད་བྱུས་གདུག་རྩུབ་དང་། མཐའ་གཅིག་ཏུ་བོད་མིར་མཐོང་ཆུང་ཁྱད་གསོད། རིམ་བཞིན་བོད་མི་རིགས་རིག་གཞུང་དང་བཅས་པ་ཧ་ལམ་ཉམས་བརླག་འགྲོ་རྒྱུའི་སྲིད་བྱུས་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། འོན་ཀྱང་རྩ་བའི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་དུ་བསྡད་ནས་གཉིས་མོས་ཀྱི་ཐབས་ལམ་ཞིག་གི་ཐོག་ནས་ང་ཚོའི་དཀའ་ངལ་སེལ་ཐུབ་རྒྱུ་ཞིག་གང་ལྟར་བོད་མི་རིགས་འདི་འཚོ་ཐུབ་པ་དང་། འཛམ་གླིང་འདིའི་ཐོག་ངོམས་ཆོག་པའི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་འདི་དག་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ཞིག་རང་དོན་རང་གཅེས་ཀྱི་ཐོག་ནས་ཡག་པོ་ཞིག་ཡོང་ཆེད་དམིགས་ཡུལ་འདི་འདྲ་ཞིག་བཞག་ནས་ཐབས་ཤེས་བྱས་པ་རེད། ད་ལྟ་སྲིད་གཞུང་གི་རིམ་པའི་ཐོག་ནས་ཐག་ཆོད་པའི་སྲིད་བྱུས་གསར་པ་གང་ཡང་བྱུང་མེད། འོན་ཀྱང་རྒྱ་རིགས་ཤེས་ཡོན་ཅན་དང་ནང་པ། དམངས་ཁྲོད་ནས་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་འདིར་རྗེས་སུ་ཡི་རང་གི་ཐོག་ནས་རྒྱབ་སྐྱོར་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། མི་མང་གི་རྒྱབ་སྐྱོར་དང་འབྲེལ་བ་དེ་ཧ་ཅང་གལ་ཆེན་པོ་རེད། མི་མང་གི་འོས་བསྡུའི་ལམ་ནས་ཆབ་སྲིད་ཀྱི་འགོ་ཁྲིད་ང་ཚོའི་སྲིད་སྐྱོང་ཕེབས་ནས་ད་ལྟ་བོད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་འདི་དུས་རྒྱུན་དབུ་མའི་ལམ་ཟེར་བ་དེའི་ཐོག་ཤར་བསྐྱོད་བྱས་ནས་འགྲོ་བཞིན་ཡོད། བྱེད་ཐབས་འདིའི་ཐོག་ལ་གཙོ་ཆེན་རྒྱ་གར་གཞུང་གིས་མཚོན་པའི་ཨ་རིའི་སྲིད་གཞུང་དང་། ཡུ་རོབ་གྲོས་ཚོགས་སོགས་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བཞིན་ཡོད། དེ་ནས་ཁྱེད་ཚོས་ཨོ་གླིང་བོད་རིགས་ཚོགས་པ་སྤྱིའི་སྒྲིག་འཛུགས་དང་ནང་ཁྲིམས་དང་མི་འགལ་བའི་དམ་བཅའ་ཞུ་རྒྱུ། དེ་ཡང་འགྲིག་གི་འདུག
བཞི་པ་འདིར་བསྟན་པ་ལ་ལོག་པར་བཀུར་བ་དོལ་རྒྱལ་རྗེས་འབྲང་པར་ཆོས་དང་ཟང་ཟིང་གི་འབྲེལ་ཐག་གཙང་བཅད་ཀྱིས་སྔར་ཡོད་ཀྱི་དམ་ཚིག་རྨ་མེད་པ་དག་འདི་ཕྱི་ཀུན་གྱི་ལེགས་ཚོགས་ཀྱི་དམ་ཚིག་གཅིག་ཉིད་དུ་སྲུང་རྒྱུའི་དམ་བཅའ་ཞུ་རྒྱུ། རྩ་བའི་དོལ་རྒྱལ་དེ་ལོ་ངོ་ ༤༠༠ སྔོན་གྱི་ལོ་རྒྱུས་ཡོད་པ་ཞིག་རེད། ལོ་བཞི་བརྒྱ་དེའི་རིང་གང་ལྟར་རྩོད་པ་ཅན་གླེང་གཞི་ཅན་དེ་འདྲའི་སྒང་ལ་བསྡད་པ་རེད་མ་གཏོགས། དགེ་ལུགས་དང་ས་སྐྱའི་ནང་ལ་ཡིན་ནའང་གང་ལྟར་ཚང་མས་དུས་ལ་བབ་པའི་དྲེགས་པ་ཞིག་རེད་བཅས་ཚང་མས་དོལ་རྒྱལ་ལ་མོས་མཐུན་བྱས་མེད། བྱབ་ངོས་རང་གིས་བསྐྱལ་བ་རེད། གྲོ་མོ་ནས་བཟུང་ངོས་དང་དོལ་རྒྱལ་འབྲེལ་བ་ཆགས་ནས་དོལ་རྒྱལ་བསྟེན་རྒྱུ་ཆགས་པ་རེད། དེ་ནས་རིམ་བཞིན་རྒྱ་གར་དུ་བསླེབས་རྗེས་ཕྱི་ལོ་༡༩༧༠ དོན་གྲངས་ནང་དེར་བརྟག་དཔྱད་བྱེད་དགོས་པ་ཞིག་འདུག་བསམས་ནས་ངོས་ཀྱིས་གཙོ་བོ་༸རྒྱལ་དབང་གོང་མ་ཚོའི་མཛད་པ་གཞིར་བཞག་བྱས་ནས་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་༸རྒྱལ་བའི་བསྟན་པ་དེ་དག་ཕྱོགས་རིས་ཕྱོགས་ལྷུང་མེད་པ་བྱས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་བྱུང་ན་བསམ་པའི་དམིགས་ཡུལ་དེ་འདྲ་ཞིག་འཛིན་བཞིན་ཡོད། དེའི་ཐོག་ལ་ཏོག་ཙམ་མི་བདེ་བ་ཆགས་ཡོང་གི་འདུག བར་སྐབས་དོལ་རྒྱལ་བསྟེན་གསོལ་གནང་མཁན་རིམ་པ་ཁག་གི་ནང་ལ་བལྟས་ན་ཆོས་ལུགས་འཐེན་འཁྱེར་ཤུགས་ཆེན་པོ་བྱུང་འདུག དེར་བརྟེན་བརྟག་དཔྱད་ནན་ཏན་བྱས་པ་ཡིན།
ལོ་རྒྱུས་དེ་དག་ཞིབ་ཕྲ་བརྗོད་དགོས་པ་མི་འདུག ཡིག་ཐོག་ཏུ་འཁོད་ཡོད་པ་དེ་ཁྱེད་ཚོས་ཤེས་ཀྱི་རེད། ངོས་ཀྱིས་དོལ་རྒྱལ་གསོལ་རྒྱུ་མཚམས་འཇོག་གཙང་མ་བྱས་པ་ཡིན། དེ་ནས་རིམ་བཞིན་དགོན་སྡེ་གྲྭ་ཚང་ཁག་དེ་འདྲ་ལའང་བཀྲ་མི་ཤིས་པ་དེ་འདྲ་བྱུང་ནས། དཔེར་ན། དང་པོ་རྐྱེན་ཡོང་ས་དེ་བྱང་རྩེ་གྲྭ་ཚང་རེད། བྱང་རྩེ་གྲྭ་ཚང་དུ་སྔོན་ནས་བསྟེན་པའི་སྲུང་མ་དེ་དཔལ་ལྡན་ལྷ་མོ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལ་བྱང་རྩེ་གྲྭ་ཚང་གི་ཐུགས་དག་ཅིག་ཞུས་ནས་སྐྱབས་རྗེ་རིན་པོ་ཆེས་བྱང་རྩེ་གྲྭ་ཚང་ལ་དཔལ་ལྡན་ལྷ་མོས་འཁོན་འདུག བྱང་རྩེ་གྲྭ་ཚང་གི་ཐུན་མིན་སྲུང་མ་དེ་དཔལ་ལྡན་ལྷ་མོ་རེད། ལྷ་མོ་འཁོན་འདུག ཅེས་སྐྱབས་རྗེ་རིན་པོ་ཆེས་བཀའ་གནང་འདུག བྱང་རྩེ་གྲྭ་ཚང་གིས་འཁོན་ཡོང་སྟངས་གང་འདྲ་ཡིན་ནམ་ཞེས་ངོས་ལ་སྐད་ཆ་དྲིས་བྱུང་། དེར་ངོས་ཀྱིས་བརྟག་དཔྱད་ནན་ཏན་བྱས་པ་ཡིན། བྱང་རྩེ་གྲྭ་ཚང་ལ་དཔལ་ལྡན་ལྷ་མོ་འཁོན་རྒྱུ་དེ་དོལ་རྒྱལ་བསྟེན་པས་དབང་གིས་ལྷ་མོ་འཁོན་པ་དེ་ཧ་ཅང་གསལ་པོ་འདུག སྐབས་དེར་སེར་ཀོང་མཚན་ཞབས་རིན་པོ་ཆེ་བཞུགས་ཡོད། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་དངོས་གནས་མཁས་པ་རེད། ཕྱིས་སུ་གྲྭ་ཚང་གི་མཁན་པོ་གནང་མྱོང་ཡོད། ཁོང་གཉིས་ལ་ངོས་ཀྱིས་བརྟག་དཔྱད་དེ་འདྲ་བྱས་པ་ཡིན། དེ་འདྲ་ཞིག་བབ་ཀྱི་འདུག འདི་བྱང་རྩེ་གྲྭ་ཚང་གི་གནད་ཡོད་ཀྱི་མི་སྣ་ཚོར་ནང་དོན་དེ་ལྟར་འགྲེལ་བཤད་རྒྱོབ་ཅེས་བརྗོད་རྒྱུ་བྱུང་། དེ་ནས་རིམ་བཞིན་གནས་ཚུལ་འདི་མི་མང་པོས་ཤེས་སྐབས་དོལ་རྒྱལ་ཚོགས་པ། ཞེས་པའི་ཚོགས་པ་དེ་བཙུགས་པ་རེད། དེ་འདྲ་བྱས་ནས་བྱུང་བ་རེད། ངོས་ཀྱིས་ཐོག་མ་ནས་དོལ་རྒྱལ་གྱི་ཡིན་ལུགས་གང་འདྲ་ཡིན་པ། ངོ་བོ་གང་འདྲ་ཡིན་པ། ༸གོང་ས་ལྔ་པ་ཆེན་པོས་ཐག་བཅད་ཡོད། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན། ཞེས་གསུང་སྐབས། རྒྱུའི་ཁྱད་པར་སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན། དེ་༸གོང་ས་ལྔ་པས་གསུངས་ཡོད།
༸གོང་ས་ལྔ་པ་དོལ་རྒྱལ་སྐོར་རྒྱུས་ཡོད་ཆེ་ཤོས་རེད། ངོས་ནས་ཀྱང་དང་པོ་དོལ་རྒྱལ་བསྟེན་པ་རེད། དེ་རྗེས་ངོས་ཀྱིས་དོལ་རྒྱལ་མཚམས་འཇོག་བྱས་པ་རེད། མཚམས་འཇོག་བྱེད་དགོས་པའི་རྒྱུ་མཚན་དང་གནད་འགག་དེ་དག་ངོས་ཀྱིས་ཤེས་ཀྱི་ཡོད་སྟབས། ཤོད་དགོས་པ་དེ་ངོས་ཀྱི་འགན་ཡིན། འོན་ཀྱང་བཤད་ནས་ཉན་དང་མི་ཉན་ཟེར་བ་དེ་མི་སོ་སོས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས། ངོས་ཀྱིས་བཀའ་བཏང་ནས་བྱ་རྒྱུ་གང་ཡང་མེད། དེར་བརྟེན་ཁ་སང་ངོས་རང་འདིར་འབྱོར་སྐབས་དོལ་རྒྱལ་ཚོགས་པས་ངོ་རྒོལ་བྱེད་ཀྱི་འདུག ངོས་རང་གད་མོ་ཤོར་གྱི་འདུག བར་སྐབས་དོལ་རྒྱལ་ཚོགས་པས་ངོ་རྒོལ་བྱེད་རྒྱུ་དེ་འཆར་ཅན་ལྟ་བུ་རེད། ཁ་སང་ཨ་རི་ཡིན་ནམ། ཡུ་རོབ་ཡིན་ནམ་གཅིག་ལ་རེད། ཕལ་ཆེར་ཡུ་རོབ་ཡིན་པ་ཡོད། དོལ་རྒྱལ་ཚོགས་པས་ངོས་རང་ཁ་ཆེ་རེད་ཅེས་ཟེར་གྱི་འདུག ངོས་རང་ཁ་ཆེའི་ཞྭ་མོ་གྱོན་པའི་པར་ཞིག་འདུག ངོས་རང་ལྷ་ཁང་འདྲ་མིན་ནང་བསྐྱོད་སྐབས་ཆོས་ལུགས་དེ་དང་དེར་གུས་ཞབས་ཞུ་ཆེད་ཁོང་ཚོས་ཞྭ་མོ་གཡོག་སྐབས་ངོས་ཀྱིས་གྱོན་ནས་འགྲོ་ཡི་ཡོད། དེར་བརྟེན་ཁོ་པ་ཚོར་ངོས་ཀྱིས་ཁ་ཆེའི་ཞྭ་མོ་གྱོན་པའི་པར་གཅིག་ལག་པར་ཐེབས་འདུག པར་དེ་འཁྱེར་ནས་ཏཱ་ལའི་བླ་མ་རྫུན་མ་རེད། ཁ་ཆེ་རེད། ཁ་སེང་འདིར་ངོས་ཀྱི་པར་དེ་བཟོ་ལྟ་ངན་པ་ཧ་ཅང་མདོག་ཉེས་གཅིག་འདུག ཁྱེད་ཚོས་མཐོང་བྱུང་ངམ། ཕལ་ཆེར་ཁྱེད་ཚོས་ངོས་རང་ཐུག་པ་དང་པོ་ཡིན་ན། ཁ་སང་པར་དེ་མཐོང་ནས་༸རྒྱལ་བ་རིན་པོ་ཆེ་ཏཱ་ལའི་བླ་མ་མདོག་ཉེས་ཞེ་དྲག་གཅིག་མཐོང་ནས་ད་རིང་འདིར་མཐོང་སྐབས་དེ་འདྲའི་མདོག་ཉེས་པོ་རང་མི་འདུག་བསམ་པ་ཕལ་ཆེར་དྲན་གྱི་རེད། ཅེས་ཞལ་ཤོབ་མཛད་སྐབས་ཚོགས་ཁང་ཡོངས་སུ་གད་སྒྲས་ཁེངས།
དེ་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན། ངོས་ལ་ཁྱད་གང་ཡང་མེད། ཁོ་པ་ཚོའི་བསམ་བློའི་ནང་དུ་དངོས་ཡོད་གནས་ཚུལ་གང་ཡང་མི་ཤེས་པར་མང་ཆེ་བ་མགོ་སེར་རེད། གང་ཡང་ཤེས་ཀྱི་མེད། སྤྱིར་སངས་རྒྱས་པའི་ཆོས་འདི་གང་འདྲ་ཞིག་ལ་འགྲོ་དགོས་པ། དངོས་གནས་དྲང་གནས་ཀྱི་ང་ཚོའི་སྐྱབས་གསུམ་ཟེར་རྒྱུ་དེ་སངས་རྒྱས་དཀོན་མཆོག་དང་། དགོག་ལམ་གྱིས་འདུས་པའི་ཆོས་དཀོན་མཆོག དེ་ནས་འཕགས་པའི་དགེ་འདུན་ཞེས་དེ་གསུམ་པོ་ང་ཚོའི་སྐྱབས་གནས་རེད་མ་གཏོགས། འཇིག་རྟེན་དྲེགས་པ་དེ་གྲས་ང་ཚོས་སྐྱབས་གནས་སུ་མི་བརྩི། དེར་བརྟེན་ཕྱོགས་གཅིག་ནས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཤེས་ཀྱི་མེད། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནས་བཟུང་། དཔེར་ན། རྗེ་རིན་པོ་ཆེའི་འཁྲུངས་ལྷ་རྨ་ཆེན་སྤོམ་ར་རྗེ་རིན་པོ་ཆེའི་རྗེས་སུ་འབྲང་ནས་ལྷ་སར་འབྱོར་བ་རེད། འོན་ཀྱང་འཇིག་རྟེན་དྲེགས་པ་ཡིན་སྟབས་དགའ་ལྡན་གླིང་ནང་དུ་རྨ་ཆེན་སྤོམ་རའི་བསྟེན་ཁང་དེ་འདྲ་མེད། དགའ་ལྡན་གྱི་འདབ་དེར་ནགས་གསེབ་གཅིག་ཡོད་པ་དེར་བཞག་པ་མ་གཏོགས་དགོན་པའི་ནང་དུ་མེད། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཐུའུ་ཀྭན་ཆོས་ཀྱི་ཉི་མས་ལྗགས་བྲིས་གནང་བ་དེའི་ནང་ལོ་རྒྱུས་འདི་ཧ་ཅང་གསལ་པོ་ཡོད། དེར་བརྟེན་དངོས་ཡོད་གནས་ཚུལ་རྩ་བ་ནས་མི་ཤེས་པར་རྗེས་སུ་འབྲང་ནས་ཕྱིན་པ་རེད། དོལ་རྒྱལ་བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད། བསྟེན་པ་ཡིན་ན་ཁེ་ལས་གྱོང་ཆེ་བ་ཡོད་པ་དེ་ངོས་ཀྱིས་ལོ་རྒྱུས་ནས་ཧ་ཅང་གསལ་པོ་མཐོང་གི་འདུག ངོས་རང་སྒེར་ལ་མཚོན་ནའང་དངོས་ཡོད་གནས་ཚུལ་འདི་ལྟར་རེད། འདི་གཅིག་ཞུ་འདོད་བྱུང་།
དེ་ནས་དོན་ཚན་ལྔ་པ། ཕ་རོལ་ནག་པོའི་ཕྱོགས་སུ་མ་ཚུད་པའི་དུས་ཀུན་དུ་ཡིད་གཟབ་ལྷོད་མེད་ཞུ་རྒྱུའི་དམ་བཅའ། དེ་ཡང་འགྲིག་འདུག ང་རང་ཚོ་བོད་རིགས་རང་དབང་ལུང་པའི་ནང་དུ་ང་ཚོ་ཉུང་ཤས་ཤིག་ཡོད། འབུམ་གཅིག་ལྷག་འབུམ་གཉིས་མ་ཟིན་ཙམ་བསླེབས་ཡོད། ང་ཚོ་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་མཁན་ཞིག་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་གི་སོ་སོའི་སེམས་ནང་ཡོད་པའི་རེ་བ་དང་འདུན་པ་དེ་དག་ཕྱིར་བཏོན་ན་སྲོག་ལ་ཉེན་ཁ་དང་ཆད་པ་གཅོད་རྒྱུའི་གནས་ཚུལ་ཞིག་བསླེབས་སྐབས། ཁོག་པའི་ནང་དུ་མེ་འབར་བ་ཡིན་ནའང་ཁ་ནས་དུ་བ་ཐོན་མི་ཐུབ་པའི་གནས་ཚུལ་ཞིག་ཆགས་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་རང་དབང་ལུང་པའི་ནང་བསླེབས་ནས་གོ་སྐབས་ཤིག་ཡོད་སྟབས་རྒྱ་ཆེའི་མི་མང་གི་ཚབ་བྱེད་པ་ཡིན། དེར་བརྟེན་བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་རུས་ཞེན་དང་སྙིང་སྟོབས་དེ་འདྲ་ཞིག་འདས་པའི་ལོ་ཧ་ལམ་ ༦༠ བརྒལ་བ་དེའི་རིང་དངོས་གནས་དྲང་གནས་རི་བཙུགས་པ་ནང་བཞིན་ཞིག་འདུག མི་རབས་བརྗེ་བཞིན་ཡོད་ཀྱང་མི་རབས་གསར་པ་ཆུང་བྱིས་པ་ཡན་ཆད་ནས་ཧ་ལམ་བརྒྱ་ཆ་༩༠ སེམས་ཤུགས་དང་བློ་རྩ་བརྟན་པོ་ཞེ་དྲག་འདུག དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་བསམ་པ་བརྟན་པོ་དེ་འདྲ་ཞིག་ཐོག་ནས་བསྡད་པར་བརྟེན། རྒྱ་ནག་གཞུང་གིས་དུས་ད་ལྟ་ཡིན་ནའང་བོད་འདི་ད་ལྟ་དཀའ་ངལ་སེལ་རྒྱུའི་གྲལ་དུ་བརྩི་དགོས་པ་ཞིག་ཆགས་ཡོད། བཅིངས་བཀྲོལ་བཏང་ནས་ལོ་དེ་དག་ཕྱིན་པ་རེད། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་འདོད་པ་ཡོངས་སུ་ཚིམས་ཡོད་ན་དཀའ་ངལ་གྲལ་དུ་བརྩི་དགོས་པ་མེད།
དཀའ་ངལ་གྲལ་དུ་བརྩི་དགོས་པ་དེ་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཀྱི་གཏིང་ནས་ཡིད་མ་རངས་པ་བྱས་ནས་བསྡད་ཡོད། རྒྱ་ནག་གཞུང་གིས་ཆབ་སྲིད་གྲོས་ཚོགས་ཡིན་པ་ཡོད། དེའི་སར་གཞུང་འབྲེལ་བྱས་ནས་ཤོད་རྒྱུ་ཞིག་ལ། ལོ་འདིའི་ནང་དུ་བོད་དོན་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད། བོད་རྒྱ་ཆེའི་མི་མང་གིས་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་དེ་ལྟ་བུ་ཡོད་པར་བརྟེན། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་ཀྱང་བོད་མི་སྤྱིིའི་ཚབ་བྱས་ཏེ་རྒྱ་ཆེའི་མི་མང་གི་རེ་འདུན་དང་བསམ་ཚུལ་འདི་ང་ཚོས་འདོན་ཐུབ་པ་ཞིག་དགོས། དེ་ཡོང་བར་ཚང་མ་མཐུན་པོ་དགོས། གདུང་ཤུགས་ཆིག་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ལོ་རྒྱུས་འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་བྱུང་བར་བསམ་བློ་གཏོང་སྐབས་དུས་རབས་ ༧།༨།༩ ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་པ་ཅན་བཅས་ཀྱི་སྐབས་སུ་བོད་འདི་དངོས་གནས་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན་པ་རེད། བར་སྐབས་ཨ་རིའི་གཙུག་ལག་སློབ་གྲྭའི་མཁས་དབང་ཞིག་གིས་ལོ་རྒྱུས་ཀྱི་དེབ་གཅིག་བཏོན་ཡོད། དེའི་ནང་དུས་རབས་ ༧།༨།༩ ལོ་གསུམ་བརྒྱའི་རིང་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་གསུམ་འདུག རྒྱ་ནག་དང་། སོག་པོ། བོད་བཅས་རེད། རྒྱ་ནག་རྒྱལ་ཁབ་ཀྱིས་གཙོ་བོ་ཆབ་སྲིད་ཐོག་ལ་དོ་སྣང་ཆེན་པོ་བྱས་འདུག སོག་པོའི་རྒྱལ་པོས་རྐང་དམག་ཐོག་ལ་དོ་སྣང་ཆེན་པོ་བྱས་པ་དང་། བོད་ཀྱི་རྒྱལ་པོ་ཚོས་གཙོ་བོ་ཆོས་ཕྱོགས་ཐོག་ལ་དོ་སྣང་ཆེན་པོ་བྱས་འདུག ཅེས་བཀོད་འདུག ཁོང་གིས་ཡིག་ཆའི་ཁུངས་དེ་ཡང་རྒྱ་ཡིག་ནང་ཡོད་པའི་གནའ་རབས་ལོ་རྒྱུས་ཀྱི་དེབ་གཞིར་བཞག་བྱས་ནས། དེ་བཞིན་ཏུང་ཧོང་ཡིག་ཆ་དེ་དག་གཞིར་བཞག་བྱས་ནས་བཀོད་པ་ཡིན། ཞེས་བརྗོད་འདུག གང་ལྟར་ང་རང་ཚོ་མེས་པོ་ཚོའི་སྐབས་ལ་དེ་འདྲ་ཞིག་ཡོད།
དེ་ནས་བོད་དེ་སིལ་བུར་འཐོར་བ་རེད། དེ་ནས་ཡུལ་ལུང་ས་ཕྱོགས་རེ་རེར་དཔོན་པོ་དང་བླ་མ་རེ་རེ་བྱུང་། གང་ལྟར་བོད་སིལ་བུར་འཐོར་བར་བརྟེན་ང་ཚོར་དཀའ་ངལ་འདི་འདྲ་ཞིག་འཕྲད་པ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་བ་ཆགས་ཡོད་སྟབས་ནང་ཁུལ་མཐུན་པོ་མེད་པའི་ཐོག་ནས་ཕྱིན་པ་ཡིན་ན། གྱོང་སྤྱི་ལ་རག་རྒྱུ་རེད། བོད་རྒྱ་ཆེའི་མི་མང་ཚོ་བློ་ཕམ་ཡོང་རྒྱུའི་རྐྱེན་ཆགས་ངེས་རེད། དེར་ཁྱེད་ཚོས་གཟབ་གཟབ་བྱོས། དུས་རྒྱུན་ངོས་ཀྱིས་ཨ་རི་དང་ཡུ་རོབ་ཙམ་མ་ཟད། བོད་མི་ཉུང་ཤས་ལས་མེད་པའི་ཉི་ཧོང་ལྟ་བུའི་བོད་མི་ཚོ་ལའང་དེ་ལྟར་བརྗོད་བཞིན་ཡོད། བསམ་ཚུལ་མཐུན་མ་མཐུན་དེ་འདྲ་བྱུང་ན་ནང་ཁུལ་བགྲོ་གླེང་དང་གོ་བསྡུར་བྱོས། གཏམ་བརྗོད་རང་དབང་རེད། རྩ་བའི་བོད་མི་རིགས་སྤྱིའི་ལ་རྒྱ་དོར་ཐབས་མེད། ཅེས་བཀའ་སློབ་སྩལ་རྗེས་ཕྱི་འབྲེལ་དྲུང་ཆེ་ཟུར་པ་ཨ་ཏི་ཤ་ལགས་ཀྱིས་གསོལ་འདེབས་ལྟར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ལུང་འདོན་གནང་མཛད།