༢༠༡༥ ཟླ་ ༦ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༥ ཉིན་ཨོ་སི་ཊོ་ལི་ཡའི་ Australia ནང་གི་གནས་གཞི་གྲགས་ཅན་རི་སྔོན་པོ་ Blue Mountains ཞེས་པ་དེར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་བཀའ་ཆོས་སྩལ་ཡུལ་གྱི་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་ནས་དབང་གི་སྟ་གོན་མཛད། དེ་རྗེས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་དད་ལྡན་ཆོས་ཞུ་བ་རྣམས་འདུས། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་སླར་ཡང་དེ་རིང་འདིར་བཅར་རྒྱུ་བྱུང་བ་དགའ་པོ་བྱུང་། ངོས་ཀྱི་ངོས་ཤེས་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌི་ནས་ཡིན་པ་མང་པོ་དེ་རིང་འདིར་ཕེབས་འདུག ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་ལྡན་ཡོད། བདེ་སྐྱིད་ཀྱི་རྩ་བ་དེ་ནང་ཤེས་རྒྱུད་དང་འབྲེལ་བའི་རིན་ཐང་དེ་དག་ཡིན་པ་ལས་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ན་མིན། ང་ཚོ་ཚང་མའི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད། དེར་བརྟེན་སྡུག་བསྔལ་ལས་རྒྱལ་ཐུབ་རྒྱུའི་ནུས་པ་ལྡན་ཡོད། འབྱུང་འགྱུར་ང་ཚོའི་གནས་སྟངས་ཇི་འདྲ་ཞིག་ཡོང་མིན་དེ་འགྲོ་བ་མི་རིགས་སྤྱི་ལ་རག་ལུས་ཡོད།
ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་ལས་འགན་ཞིག་ཡོད། ཆོས་ལུགས་འདྲ་མིན་ཚང་མས་བྱམས་བརྩེ་དང་བཟོད་སྲན་སྐོར་གྱི་བསླབ་བྱ་གསུང་བཞིན་ཡོད། དེར་བརྟེན་ཆོས་ལུགས་ཚང་མར་སེམས་ནང་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད། སྤྱིར་ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་མི་འདྲ་བ་ཡོད། འོན་ཀྱང་དེ་ནི་དམིགས་ཡུལ་གཅིག་ལ་ཐབས་ལམ་མི་འདྲ་བ་དང་གཅིག་མཚུངས་རེད། དེར་བརྟེན་དེང་སྐབས་ཆོས་ལུགས་ལ་བརྟེན་ནས་འཁྲུག་རྩོད་དང་འཚེ་བའི་ལས་འགུལ་སྤེལ་བ་མཐོང་སྐབས་ཧ་ཅང་བློ་ཕམ་ཡོང་བཞིན་འདུག ཅེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་མུ་མཐུད་ནས་བཀའ་སློབ་སྩལ། ཉིན་དགུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་དཔལ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སྩལ་བ་དང་། ཐུན་མོང་ལམ་སྦྱངས་ཀྱི་ཆེད་དུ་ལམ་གཙོ་རྣམ་གསུམ་གྱི་བཤད་འཁྲིད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བསྡུས་དོན། གསང་སྔགས་རྡོ་རྗེ་ཐེག་པའི་འགྲོ་སྟངས་སྤྱི་དང་། ལྷག་པར་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཁྱད་ཆོས་དང་སྒོམ་ཚུལ་རྣམས་ཞལ་གསལ་ཞིང་གནད་བསྡུས་པ་སྩལ་ནས་ཆོས་འབྲེལ་ཉིན་དང་པོ་ཡོངས་སུ་ལེགས་པར་གྲུབ་ཡོད།།