༢༠༡༥ ཟླ་ ༦ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་དུ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། མངའ་སྡེའི་ལུམ་ལ་རྫོང་གི་རྫོང་དཔོན་འཇམ་དཔལ་བཀྲ་ཤིས་ལགས་དང་། སྡི་རང་རྫོང་གི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕུར་བུ་ཚེ་རིང་ལགས། དེ་བཞིན་མཚོ་ན་རྫོང་གི་གྲོས་ཚོགས་འཐུས་མི་པ་སངས་རྡོ་རྗེ་ལགས། སོགས་དང་མཇལ་འཕྲད་གནང་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་། ཏི་ཛུ་དང་བསྟན་འཛིན་སྒང། མིའོ་སོགས་ཀྱི་ས་གནས་འགོ་འཛིན་དང་མཉམ་སྦྲེལ་འགན་འཛིན་སོགས་ལྷན་བཅར་ཞུས་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་བཙན་བྱོལ་བོད་མི་ཚོའི་གནས་སྟངས་སྤྱི་དང་ལྷག་པར་ས་གནས་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་སྙན་སེང་ཞུས་འདུག
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༥ ཉིན་ནང་སྲིད་བཀའ་བློན་མཆོག་གིས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་བྷམ་ཊུ་ཀི་ Shri Nabam Tuki མཆོག་དང་མཇལ་འཕྲད་གནང་འདུག དེ་ཉིན་གྱི་ཉིན་དགུང་གསོལ་སྟོན་གྲུབ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུ་བཞུགས་ཐོག་མངའ་སྡེའི་གྲོང་སྡེ་ཡར་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཊི་ཨེན་ཐོང་དོག་མཆོག་སོགས་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནངརྒྱུའི་ཞལ་བཞེས་གནང་འདུག ནང་སྲིད་བཀའ་བློན་མཆོག་གིས་ཐེངས་འདིར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སོགས་མཛད་གཙོ་རྣམ་པར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་གནང་སྐབས་གདོང་ལེན་གནང་དགོས་པའི་གནད་དོན་སོགས་སྙན་སེང་ཞུས་འདུག ཕྱི་ཚེས་ ༦ ཉིན་ནང་སྲིད་བཀའ་བློན་མཆོག་འབུམ་སྡེ་ལ་དང་རྟ་དབང་དུ་ཕྱོགས་ཕེབས་གནང་འདུག