ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༢ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༦ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག་གིས་དབུས་རྒྱུན་ལས་ཁག་གཅིག རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། དེ་མིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྐུ་མགྲོན་གཞན་བཅས་མི་གྲངས་ ༣༥༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་དོར་བའི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མྱ་ངན་གུས་བཏུད་ངག་བཅད་སྐར་མ་གཅིག་རིང་ཞུས།
དེ་རྗེས་ཟློས་གར་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པའི་རུ་ཁག་གཉིས་དབར། རྐྱང་གཞས་དང་། འཁྲབ་གཞས། མཉམ་གཞས། བཅས་འགྲན་བསྡུར་གནང་མཐར་རྒྱ་ལུ་རུ་ཁག་དང་རྔོན་པའི་རུ་ཁག་གཉིས་ལ་གྲུབ་འབྲས་ཨང་ཐོབ་གཅིག་མཚུངས་ཐོབ་པར་བརྟེན། རུ་ཁག་གཉིས་ཀ་ཨང་ཀི་དང་པོའི་ནང་མཚན་ཐོན་བྱུང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པར་ཞབས་ཞུ་བསྒྲུབས་ནས་ལོ་ངོ་ ༢༠ འཁོར་བའི་ལས་བྱེད་ཚེ་རིང་གཡུ་སྒྲོན་ལགས་ལ་ལེགས་གསོའི་ཕྱག་ཁྱེར་གནང་། གཟུར་དཔང་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས། འགྲན་བསྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་གྲུབ་བསྟུན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྟབས་ལེགས་པ་ཞིག་ལ་ཐེངས་འདིའི་འགྲན་བསྡུར་ནང་རུ་ཁག་གཉིས་ཀ་ཨང་དང་པོ་ལོན་སྟབས་ང་རང་བློ་བདེ་པོ་བྱུང་། བོད་ཀྱི་ཟློས་གར་བཙུགས་ནས་ལོ་ ༥༦ འཁོར་གྱི་ཡོད། བཙན་བྱོལ་ནང་ཟློས་གར་ཐོག་མ་ཀ་སྦུག་ཏུ་བཙུགས་འདུག ཕྱི་ལོ་ ༡༩༦༠ ལོར་ཨ་ཕི་རི་ཀ་དང་ཨེ་ཤི་ཡའི་ཚོགས་འདུ་ཆེན་པོ་ཞིག་གི་ནང་རྒྱལ་ཁབ་ ༦༠ ཙམ་ནས་གཞས་སྣ་འཁྲབ་སྟོན་གནང་བའི་སྐབས་སུའང་ལྡི་ལིར་བཅར་ནས་འཁྲབ་སྟོན་གནང་འདུག དེ་ནས་རིམ་པས་ཡར་རྒྱས་ཕྱིན་ཏེ་བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་ཁབ་ ༣༣ ཙམ་གྱི་ནང་གཞས་སྣ་སོགས་འཁྲབ་སྟོན་གནང་ཡོད་པ་མ་ཟད། འདི་ནས་མཐོན་རྗེས་སློབ་གྲྭ་ཁག་སོགས་འཛམ་གླིང་སྤྱི་ཡོངས་ནང་དགེ་རྒན་གནང་མཁན་མི་གྲངས་ ༤༥༠ ཙམ་བྱུང་འདུག
དགེ་རྒན་དེ་དག་ཁོངས་ནས་མང་པོ་ཞིག་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཡོད་པར་བརྟེན། ཧ་ཅང་ཐུགས་ཕན་གསོ་བ་ཡོང་གི་འདུག དཔེར་ན། ཉེ་ཆར་ངོས་རང་ཨོ་ཌ་བར་བཅར་བའི་སྐབས་སུ་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་མཇལ་བྱུང་། སྐབས་དེར་ཁོང་གིས་ཨ་རུ་ན་ཅལ་ནས་གཞོན་སྐྱེས་སུམ་ཅུ་སོ་གྲངས་འདིར་བསླེབས་ཡོད་པར་བརྟེན། མཛད་སྒོ་གང་འདྲ་ཞིག་ཚོགས་པ་ཡིན་ནའང་། མཛད་སྒོ་ཚོགས་ཀྱི་ཡོད་བསམ་བསམ་ལྟ་བུ་ཡོད། གང་ཡིན་ཟེར་ན། གཞོན་སྐྱེས་དེ་དག་གིས་གཞས་སྣ་འཁྲབ་ཤེས་ཀྱི་ཡོད་སྟབས། སྐུ་མགྲོན་གདན་འདྲེན་ཞུས་པ་ཡིན་ནའང་དགའ་སྤོབས་ཆེན་པོའི་སྒོ་ནས་ཞུས་ཐུབ་ཀྱི་འདུག བོད་ཀྱི་ཟློས་གར་ཚོགས་པ་བརྒྱུད་འཁྲབ་སྟོན་གནང་མཁན་དགེ་རྒན་མང་པོ་ཞིག་ལ་སྦྱོང་བརྡར་ཐོབ་པར་བརྟེན་འཛམ་གླིང་ཡུལ་གྲུ་མང་དག་ཅིག་གི་ནང་བོད་ཀྱི་རིག་གཞུང་འགྲེམས་སྤེལ་ཐུབ་པ་བྱུང་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་གོང་སྤེལ་གཏོང་ཆེད་ཐུགས་ཕན་གསོ་བའི་ཞབས་འདེགས་ཞུས་ཡོད།
བོད་ནང་ཆ་བཞག་ན། རྒྱ་ནག་གཞུང་གིས་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་ནི། བོད་ཡུལ་འདི་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུ། བོད་པའི་རིག་གཞུང་འདི་རྒྱའི་རིག་གཞུང་དུ་བསྒྱུར་བར་ཉིན་རེ་བཞིན་སྲིད་བྱུས་གནག་པོ་ཡོད་པའི་ཐོག་ནས་འབད་བརྩོན་བྱས་དང་བྱེད་མུས་རེད། དེ་ལ་གདོང་ལེན་ཆེད་བཞུགས་སྒར་རྡ་སར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་དང་། གཞས་སྣ་འཁྲབ་སྟངས། འཁྲབ་ཆས་སོགས་སྔར་ལྟར་སྲུང་སྐྱོབ་བྱེད་ཐུབ་པ་འདི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་སྟབས། བོད་ཀྱི་ཟློས་གར་ཚོགས་པའི་ནང་དེ་སྔ་དང་ད་ལྟ་ཡོད་པའི་འཁྲབ་སྟོན་པ་ཡོངས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས།།