༢༠༡༥ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༡ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ངོས་ནས་གོ་སྒྲིག་འཐུས་གཙང་གནང་ཐོག་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད། དེ་ཡང་སྐུ་མགྲོན་རྣམ་པས་སྐུའི་གྱ་སྟོན་ལ་རྟེན་འབྲེལ་ཞུ་བའི་གསུང་བཤད་དང་བོད་ཀྱི་ཟློས་གར་ཚོགས་པ་སོགས་ནས་གཞས་སྣ་འཁྲབ་སྟོན་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ནམ་རྒྱུན་ངས་སྐད་ཆ་ཤོད་སྐབས་གོ་སའི་རིགས་དེ་དག་བཤད་ཀྱི་མེད། ཚང་མར་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཞེས་བཤད་ཀྱི་ཡོད། དེ་རིང་འདིར་ཆོད་གྲོགས་ཕོ་མོ་ལྷན་རྒྱས་ཚོར་ཞུ་རྒྱུར། མི་རྒན་ལོ་བརྒྱད་ཅུ་ལོན་པ་ཞིག་གི་སྐྱེས་ཚེས་ཀྱི་ཉིན་མོ་འདི་ཁྱེད་རང་ཚོས་གལ་ཆེན་པོ་བརྩིས་ནས་དེ་རིང་འདིར་ཕྱོགས་མཐའ་ཁག་ནས་གྲོགས་པོ་མང་པོ་ཞིག་ཕེབས་ཡོད་པ། ནམ་རྒྱུན་བོད་དོན་ཐོག་དོ་སྣང་གནང་མཁན་ངོ་ཤེས་པ་མང་པོ་ཞིག་ཆེད་མངགས་ཕེབས་ཡོད་པ་དང་། དེ་བཞིན་བླ་ཆེན་རྣམ་པ་ཚོ་དང་། མཁན་པོ་ལས་ཟུར་རྣམ་པ་ཚོ་དུས་ཚོད་འདི་དང་སྟབས་བསྒྲིགས་ནས་དེ་རིང་འདིར་ཕེབས་པ་རེད། ཁྱེད་རང་ཚོ་མང་པོ་ཞིག་བགྲེས་སོང་རེད། སྐུ་མཉེལ་གྱི་རེད། ཡིན་ནའང་བསམ་བློའི་ཤ་ཚ་དང་གྲོགས་པོའི་འདུ་ཤེས་ཀྱི་ཐོག་ནས་ངལ་བ་དང་ལེན་བྱས་ནས་ཕེབས་པ་རེད། ཨི་ཊ་ལི་ནས་ཕེབས་པའི་སྤོ་ལགས་ཁོང་ལ་མཚོན་ན། བགྲེས་སོང་རེད། ཡིན་ནའང་སེམས་ཤུགས་བྱས་ནས་དེ་རིང་འདིར་ཕེབས་པ་རེད། ང་གཉིས་གྲོགས་པོ་ཉེ་བོ་ཡིན། མཚམས་རེ་ངེད་གཉིས་བསམ་ཚུལ་མ་མཐུན་པ་བྱུང་སྐབས་ཁ་རྩོད་ཐུག་སྟེ་ཁོང་གིས་ང་ལ་བསོ་རྒྱག་སྙིང་འདོད་ཀྱིས་འདུག་ཅེས་ཟེར་གྱི་ཡོད། ཁྱེད་རང་ཚོས་མཐོང་སོང་ངམ། ཁོང་གི་ཞལ་རས་དེ་ཆེན་པོ་ཞིག་མི་འདུག་གམ། ཞེས་ཞལ་ཤོབ་དང་སྦྲགས་ནས་བཀའ་སློབ་སྩལ།
འདིར་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། དེ་བཞིན་ཨ་རུ་ན་ཅལ་གྱི་བློན་ཆེན་སོགས་ཁྱེད་རང་ཚོ་མང་པོ་ཞིག་དེ་རིང་འདིར་ཕེབས་ནས་ཤ་ཚ་དང་སྙིང་ཉེ་བོས་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་རིགས་ཆོལ་ཁ་གསུམ་ནས་གཞས་སྣ་ཁྲབ་སྟོན་དང་། ཟློས་གར། བོད་རིགས་སློབ་གྲྭ་བཅས་ནས་དགའ་སེམས་འཁོལ་བའི་ངང་ནས་གཞས་སྣ་ཁྲབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཁྲབ་སྟོན་པ་ཨ་ཅག་ལགས་ཚོས་རྒྱབ་ལ་པགས་ཚག་གྱོན་འདུག བྱས་ཙང་པགས་པ་དེ་མཐོང་སྐབས་དགུན་ཁ་ཡིན་ན་ཕལ་ཆེར་དྲོ་མདོག་ཁ་པོ་ཡོད་པ་ཞིག་མཐོང་གི་རེད། དབྱར་ཁ་ཚ་བ་ཆེ་བའི་སྐབས་འདིར་དེ་འདྲ་ཞིག་གྱོན་དུས་ཚ་བ་ཆེན་པོ་ཞེ་དྲགས་མེད་དམ་སྙམ་གྱི་འདུག ཁྱེད་རང་ཚོ་ཚང་མས་ང་ལ་བསྔགས་བརྗོད་གནང་གི་ཡོད་པ་རེད། དོན་སྙིང་ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་བྲང་དགེ་སློང་ཞིག་རེད། གལ་ཆེ་ཤོས་གཅིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་དཔལ་ནཱ་ལེཎྜ་ནས་མར་བརྒྱུད་པའི་ཟབ་པ་དང་རྒྱ་ཆེ་བ། ཟབ་པ་དང་རྒྱ་ཆེ་བ་ཞེས་ཟེར་སྐབས། ཟབ་པ་དེ་སྟོང་ཉིད་ཀྱི་ལྟ་བ་དང་། བདག་མེད་པའི་ལྟ་བ་རེད། རྒྱ་ཆེ་བ་ནི་གཞན་ཕན་བྱང་ཆུབ་སེམས་རེད། དེ་གཉིས་ངོས་རང་གིས་ཉམས་ལེན་གྱི་མཐིལ་དུ་བཟུང་གི་ཡོད། དེ་གཉིས་ཉམས་ལེན་བྱས་པའི་ལག་རྗེས་ལ་སེམས་ཀྱི་བསམ་བློ་གཏོང་སྟངས་མི་འདྲ་བས་སེམས་ལྷོད་ལྷོད་ཅིག་ཆགས་ཡོང་གི་འདུག ཇི་ཙམ་གཞན་ཕན་གྱི་བློ་ཡོད་པ་དེའི་ཚོད་ཀྱིས་སོ་སོའི་སེམས་ནང་དངངས་སྐྲག་དེ་ཉུང་དུ་འགྲོ་གི་འདུག དེ་བཞིན་དུ་ཟབ་མོའི་ཕྱོགས་ནས་ཇི་ཙམ་གྱིས་བདག་མེད་པའི་ཚོར་བ་ཞིག་བསླེབས་པ་ཡིན་ན་ཆགས་སྡང་གི་ཉོན་མོངས་ཀྱི་ནུས་པ་དེ་ཚོ་ལྒང་ཕུག་འཕུ་ཤོར་བ་ལྟ་བུ་ཡོད། གང་ལྟར་ངོས་རང་གི་མི་ཚེ་འདིར་སློབ་གཉེར་དེ་རང་བྱས་པ་ཡིན་ལ། ཉམས་ལེན་ཡང་དེའི་ཐོག་ནས་བྱས་པ་ཡིན། སོ་སོར་ཉམས་མྱོང་ཕྲན་བུ་ཞིག་ཡོང་བ་འདི་ཆོས་དད་ཡོད་མིན་ལ་མ་ལྟོས་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་མཚུངས་རེད། སྡུག་བསྔལ་མི་འདོད་པ་གཅིག་འགྱུར་རེད། སྡུག་བསྔལ་མང་པོ་ཞིག་ང་རང་ཚོས་བཟོས་ཀྱི་འདུག ཡ་མཚན་སྐྱེ་རྒྱུ་རེད།
སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་མང་པོ་ཞིག་ང་རང་ཚོ་མིས་བཟོས་ཀྱི་ཡོད། དེ་འདྲ་ཡིན་ཙང་། ང་རང་ཚོ་མིར་རྣམ་དཔྱོད་ཅིག་ཡོད་པ་འདི་སེམས་མ་འདུལ་བའི་གཞན་དབང་དུ་སོང་བ་ཡིན་ན་རང་གཞན་གཉིས་ཕུང་འགྲོ་གི་ཡོད་པ། མིའི་རྣམ་དཔྱོད་དེ་གཞན་ཕན་ལྷག་བསམ་གྱི་གྲལ་ལ་ཕྱིན་པ་ཡིན་ན་རང་གཞན་ཀུན་ལ་ཕན་ཐོགས་རྒྱུ་ཡོད་པ་ཞིག་བརྒྱ་ཆ་བརྒྱ་ཐམ་པ་ངེེས་པ་ཐོབ་ཡོད། དེར་བརྟེན་ངོས་རང་མི་ཕལ་པ་ཞིག་ལ་བརྩིས་ཀྱི་ཡོད། ངོས་རང་དུང་ཕྱུར་བདུན་ཅུའི་ནང་གི་མི་ཞིག་ལ་བརྩིས་ཀྱི་ཡོད་མ་གཏོགས་ངོས་རང་ཁྱད་དུ་འཕགས་པ་ཞིག་མིན་ལ། ཁྱེད་རང་ཚོས་ངོས་ལ་འཕགས་པ་སྤྱན་རས་གཟིགས་ཟེར་གྱི་ཡོད་རེད་དེ། ངོས་རང་སྤྱན་རས་གཟིགས་ག་ནས་ཡིན། མིག་གསལ་པོ་མི་འདུག་ལ་པུས་མོའང་ན་གི གང་ལྟར་ངོས་རང་མི་དུང་ཕྱུར་བདུན་ཅུའི་ནང་གི་མི་ཞིག་ཆགས་ཡོད། ཤ་རུས་འདུ་བྱེད་ཀྱི་ཕུང་པོ་ཡོད་པ་མི་གཅིག་འགྱུར་ཆགས་ཡོད། ཉོན་མོངས་ཀྱི་བློ་ཡོད་པ་གཅིག་འགྱུར་ཆགས་ཡོད། དེ་འདྲའི་མི་ཞིག་གིས་སོ་སོས་བསམ་བློ་བཏང་། འབད་བརྩོན་བྱས་ན་འགྱུར་བ་ཐེབས་རྒྱུ་འདུག བྱས་ཙང་ངོས་རང་དུང་ཕྱུར་བདུན་ཅུའི་ནང་གི་མི་ཞིག་ཡིན་པའི་ཆ་ནས་སོ་སོས་བསམ་བློ་བཏང་། མིའི་རྣམ་དཔྱོད་དང་ལྷག་བསམ་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་མི་ཚེར་འགྱུར་བ་ཐེབས་ཐུབ་ཀྱི་རེད། བྱས་ཙང་། སོ་སོའི་ཉམས་མྱོང་ལ་གཞིགས་ནས་ས་ཆ་ག་པར་ཕྱིན་རུང་མི་གཅིག་འགྱུར་ཡིན་པའི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད། ངོས་ཀྱི་ཉམས་ལེན་དེ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ཐོག་ནས་ཡོང་གི་ཡོད། འཛམ་གླིང་འདིའི་སྟེང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད། ཆོས་དད་མེད་མཁན་མང་པོ་ཞིག་ཡོད། མི་སྤྱི་ལ་ཁྱབ་རྒྱུ་དེ་གང་ཡོད་རེད་ཟེར་ན། ཆུང་བྱིས་པའི་དུས་ནས་མའི་བརྩེ་བས་ང་ཚོ་འཚོ་བ་རེད། དེར་བརྟེན་མི་གདུག་རྩུབ་ཆེན་པོའི་གྲས་ཀྱི་སེམས་གཏིང་ལ་མའི་བརྩེ་བས་བསྐྱངས་པའི་ཚོར་བ་དེ་ཡོད་པ་རེད། དེ་རིང་ཁ་སང་སེམས་ཀྱི་ཞི་བདེ་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་ཡོད་ན་ལུས་བདེ་ཐང་ཡོང་གི་ཡོད། སེམས་ཀྱི་ཞི་བདེ་ཡོང་བའི་གནད་འགག་དེ་སེམས་ཀྱི་ཞི་བདེ་གང་ཞིག་གིས་དཀྲུག་གི་ཡོད་རེད། སེམས་ཀྱི་ཞི་བདེ་གནམ་གཤིས་ཚ་གྲང་གིས་དཀྲུག་པ་མ་རེད། མིའི་རྣམ་འགྱུར་གྱིས་དཀྲུག་པ་མ་རེད། སེམས་ཀྱི་ཞི་བདེ་དཀྲུག་མཁན་ངོ་མ་དེ་རང་གི་བསམ་བློའི་ནང་ལ་དངངས་སྐྲག འཇིགས་སྣང་། ཐེ་ཚོམ། དོགས་པ། མ་དགའ་བ་བྱེད་པའི་བློ་དེ་ཚོའི་ཐོག་ནས་སེམས་དཀྲུག་གི་ཡོད། འདིས་སྐྱེ་བ་ཕྱི་མ་སྐད་ཆ་བཤད་ཀྱི་མེད།
ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱིས་ཐོག་ནས་མ་འོངས་པའི་ཐོབ་ཆ་ཞིག་བཤད་ཀྱི་ཡོད། དེ་དང་ང་ཚོ་འདྲེས་ཀྱི་མེད། དེ་དང་མ་འདྲེས་པ་བྱས་ནས་མི་ཚེ་འདིར་ཚང་མར་བདེ་སྐྱིད་འདོད་ཀྱི་ཡོད་པ་མ་གཏོགས་སྡུག་བསྔལ་འདོད་ཀྱི་མེད་། བདེ་སྐྱིད་ཀྱི་རྩ་བ་དེ་སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཤེས་པར་བྱས། དེ་སྨོན་ལམ་བརྒྱབ་ནས་སེལ་གྱི་མ་རེད། མི་ལ་སྐྱབས་འཇུག་ཞུས་ནས་མིའི་སྐྱབས་འཇུག་གི་བྱིན་རླབས་ཐོག་ནས་སེལ་ཐུབ་ཀྱི་མ་རེད། དཔེར་ན་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་ན། ང་ཚོ་སྨོན་ལམ་བརྒྱབ་རྗེས་སངས་རྒྱས་བྱང་ཆུབ་སེམས་པ་ཚོའི་ཐུགས་རྗེའི་བྱིན་རླབས་ཐོག་ནས་ང་ཚོའི་སྡུག་བསྔལ་སེལ་གྱི་ཡོད་ན། ང་ཚོ་ཚང་མར་བདེ་སྐྱིད་ལྡན་པ་ཞིག་མ་གཏོགས་སྡུག་བསྔལ་ཅན་ཞིག་ཡོང་གི་མ་རེད། གང་ཡིན་ཟེར་ན་སངས་རྒྱས་དང་བྱང་ཆུབ་སེམས་པ་གྲངས་མེད་ཅིག་ཡོད། དེས་ཕན་གྱི་མི་འདུག བཅོམ་ལྡན་འདས་དངོས་ཡོད་གནས་ཚུལ་གསུང་མཁན་ཞིག་རེད། བཅོམ་ལྡན་འདས་ཁོང་རང་གི་ཞལ་ནས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཕྱག་གིས་བསལ་ཐུབ་ཀྱི་མ་རེད་ཅེས་དང་། སྡུག་བསྔལ་གྱི་རྒྱུ་དེ་ཆུས་འཁྲུ་ཐུབ་ཀྱི་མ་རེད། བཅོམ་ལྡན་འདས་ཁོང་རང་གི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་དེ་དག་ང་ཚོ་ལ་གསོལ་རས་གནང་སྟེ་ང་ཚོའི་སྡུག་བསྔལ་སེལ་བ་ཞིག་གནང་ཐུབ་ཀྱི་མེད་ཅེས་གསུངས་ཡོད། གང་ཡིན་ཟེར་ན་ང་རང་ཚོའི་བསམ་བློའི་འགྲོ་སྟངས་དེ་བཅོམ་ལྡན་འདས་ཀྱི་ལམ་སྟོན་གནང་བ་དེས་སོ་སོའི་སེམས་ཀྱི་འགྲོ་སྟངས་དེ་ཚོ་ཤེས་པ་བྱས། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཤེས་པ་བྱས། དེ་རིང་ཁ་སང་ཚན་རིག་པ་རྣམ་དཔྱོད་ཀྱི་རྩལ་ཡོད་པ་དེ་ཚོའི་གྲས་ཀྱིས་ Quantum Physic ཟེར་བ་ཞིག་བཤད་ཀྱི་ཡོད།
སེམས་ནང་ཁོང་ཁྲོ་ལངས་སྐབས་ནང་པའི་གཞུང་ནས་བཤད་པ་ལྟར་ན་བདེན་འཛིན་གྱི་སྤྲོས་པ་ལ་བརྟེན་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེས་ནས་ཆགས་སྡང་སྐྱེས་ཀྱི་ཡོད། ཉམས་མྱོང་ཅན་གྱི་ཚན་རིག་པ་ཚོས་དེ་ཧ་ཅང་འདྲ་བ་ཞིག་བཤད་ཀྱི་འདུག ཡུལ་གྱི་ངོས་ནས་ཡོད་པ་ཞིག་བལྟས་ནས་དེ་འདྲའི་ཐོག་ནས་ཚུལ་མིན་ཡིད་ཀྱི་རྣམ་རྟོག་ལ་བརྟེན་ནས་ཞེ་སྡང་སྐྱེ་གི་ཡོད་པ་བཤད་ཀྱི་འདུག བྱས་ཙང་འདི་ཆོས་ཡོད་མིན་སྐད་ཆ་མ་རེད། མི་ཚང་མར་བསམ་ཚུལ་དེ་འདྲ་ཞིག་གི་ཐོག་ནས་ངོ་སྤྲོད་བྱ་རྒྱུ་དེ་རེད། མི་དུང་ཕྱུར་བདུན་བཅུ་ཚང་མའི་སེམས་ནང་སྡུག་བསྔལ་ཡོད་རེད་དེ། སྡུག་བསྔལ་དེ་ཆུང་དུ་གཏོང་རྒྱུའི་ཆ་རྐྱེན་དང་ནུས་པ་ཚང་མར་ཡོད། ངོས་ཀྱི་གང་བྱེད་ཀྱི་ཡོད་ཟེར་ན། ངོས་ཀྱི་ཉམས་མྱོང་གི་ཐོག་ནས་སེམས་ཀྱི་ཆགས་སྡང་སྐྱེ་བའི་རྐྱེན་དེ་འདྲ་ཞིག་འདུག དེའི་འགལ་ཟླ་དེ་བྱམས་བརྩེ་དང་དེ་ཚོའི་གྲས་ཀྱི་བྱེད་ཀྱི་འདུག་ཅེ་ཟེར་ནས་བཤད་ཀྱི་ཡོད། ངོས་ཀྱི་ཕར་འགྲེལ་བཤད་བརྒྱབ་པ་གང་ཡང་མ་རེད། ངོས་རང་ཉམས་མྱོང་ཕྲན་བུ་ཡོད་པ་འདི་རྒྱུས་ཡོད་བྱས་ནས་བཤད་ཀྱི་ཡོད། བྱིན་རླབས་སྤྲད་རྒྱུ་གང་ཡང་མེད། ངོས་རང་ལ་ཉམས་མྱོང་ཡོད་པ་དེ་མིར་བཤད་ཀྱི་ཡོད། བཤད་སྟངས་དེ་ཡང་བློ་སྦུག་སུག་དོགས་པོས་ནང་པ་སངས་རྒྱས་པའི་ཆོས་པ། བོད་པའི་ཆོས་པ། ཆོས་ལ་དད་པ་ཡོད་མཁན་ཞེས་དེ་ཚོ་རྐྱང་རྐྱང་ཐོག་སྐད་ཆ་བཤད་པ་མིན་པར་འཛམ་གླིང་འདིའི་ནང་གི་རྣམ་དཔྱོད་ལྡན་པའི་མི་དུང་ཕྱུར་བདུན་བཅུ་ཚང་མར་བཤད་ཀྱི་ཡོད། རྣམ་དཔྱོད་ཡོད་ཙང་ངོ་སྤྲོད་བྱས་ན་རྣམ་དཔྱོད་དེ་བེད་སྤྱོད་བྱེད་ཐུབ་ཀྱི་རེད། ཕྱི་རོལ་པ་མང་པོ་ཞིག་ཆོས་ལ་དད་པ་མེད། དོ་སྣང་ཡང་མེད། ཡིན་ནའང་མིའི་བསམ་བློའི་འགྲོ་སྟངས་དང་བདེ་སྡུག་གི་འགྲོ་སྟངས་དེ་ཚོར་ང་ཚོ་གོ་བསྡུར་བྱེད་སྐབས་དེ་དག་ར་འཕྲོད་པ་ཞིག་མཐོང་ནས་ཕྱི་རོལ་པ་ཚོ་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག བྱས་ཙང་དེ་རིང་འདིར་འདུས་པའི་གྲོགས་པོ་མང་ཆེ་བ་བོད་རིགས་ཚོ་དང་སངས་རྒྱས་པའི་ཆོས་པ་ཆགས་ཡོད། དེའི་ནང་ཚན་ནས་ས་དགེ་བཀའ་རྙིང་ཞེས་མིང་འདྲ་མིན་མང་པོ་ཡོད། མིང་མི་འདྲ་བ་དེ་ཧ་ལམ་མཐར་གཏུགས་ན་ཞྭ་མོའོ་ཚོས་གཞི་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བ་ལ་བརྟེན་ནས་བཤད་ཀྱི་ཡོད་པའི་བཟོ་འདྲ་བོ་ཞིག་འདུག དེ་བྱབ་ཆུང་རེད།
ང་ཚོ་དངོས་གནས་དྲང་གནས་འཛམ་གླིང་འདིའི་སྟེང་སྲབ་མཐུག་ཕེར་བའི་ལྟ་གྲུབ་དེ་ནཱ་ལེནྡྲ་ནས་བརྒྱུད་པ་ཞིག་རེད། བསྟན་པ་སྤྱི་ཚན་དང་གང་ཟག་སྒོ་ཚན་གྱི་དབྱེ་བ་ཕྱེ་ནས་ང་ཚོ་ཆོས་བརྒྱུད་མང་པོ་བཤད་པ་འདི་གང་ཟག་སྒོ་ཚན་སྒང་ནས་འགྲོ་གི་ཡོད། ང་ཚོ་བསྟན་པ་སྤྱི་ཚན་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་རྒྱུ་ཡོད་པ་ཞིག་བསམ་བློ་གཏོང་དགོས་པ་རེད། གང་ཟག་སྒོ་ཚན་གསུངས་པ་འདི་གང་ཟག་བྱེ་བྲག་པ་ཞིག་གིས་ཁམས་དང་མོས་པ། རྩ་རླུང་ཐིག་ལེའི་གནད་འགག་ལ་བརྟེན་ནས་གསུང་པ་ཞིག་རེད་འདུག བྱས་ཙང་ང་རང་ཚོ་སྒེར་སོ་སོ་དབང་པོ་དང་། ཁམས་དང་མོས་པ། རྩ་རླུང་ཐིག་ལེའི་གནས་ཚུལ་དང་སྦྲེལ་ནས་ལྷག་པའི་ལྷ་བྱེ་བྲག་པ་ཞིག་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་གང་ཟག་སྒོ་ཚན་རེད་འདུག བསྟན་པ་སྤྱི་ཚན་ནི་བདེན་གཉིས་དང་བདེན་བཞིའི་རྣམ་གཞག་དང་སེམས་ཁམས་རིག་པ་དེ་ཚོ་བསྟན་པ་སྤྱི་ཚན་རེད། དེ་ཚོ་བཤོད་ཀྱིན་བསྡད་ན་འབྲེལ་བ་མི་འདུག་སྟེ། དེ་རིང་འདིར་མི་མང་པོ་ཞིག་དང་། ལྷག་པར་སློབ་ཕྲུག་མང་པོ་ཞིག་འདུས་ཡོད། ངོས་ཀྱི་གྲོགས་པོ་མང་པོ་ཞིག་འདུས་ཡོད་སྟབས་བཤད་འདོད་བྱུང་། ཁྱེད་རང་ཚོས་ངོས་ཀྱིས་བྱས་པ་ཆེན་པོ་བྱས་ཡོད་པའི་བསྟོད་མངགས་བྱས་པ་རེད། དེ་འདྲ་གང་ཡང་མ་རེད། དངོས་ཡོད་གནས་ཚུལ་གང་རེད་ཟེར་ན། ངོས་རང་མི་ཞིག་ཡིན་པའི་ཆ་ནས་མིའི་རྣམ་དཔྱོད་དེ་གང་ལ་གང་ཙམ་གྱིས་བསམ་བློ་ཞིག་བཏང་། ཚན་རིག་པའི་མཉམ་དུ་གོ་བསྡུར་བྱས། ཉམས་མྱོང་བརྗེ་རེས་བྱས་ནས་བསམ་བློ་གང་ཙམ་ཞིག་བཏང་། དེའི་བསམ་བློ་གཏོང་རྒྱུའི་ལྡེ་མིག་གི་ཚོད་དེ་ནཱ་ལེཎྜའི་རྒྱ་གར་མཁས་པ་ཚོས་གསུངས་པའི་ལྟ་གྲུབ་དེས་བསམ་བློ་གཏོང་སྟངས་ཀྱི་སྒོ་འདྲ་བོ་དེ་ཕྱེ་ཡོང་གི་འདུག ངོས་རང་ལོ་བརྒྱད་ཅུར་བསླེབས་སོང་། ད་ལྟ་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ལུས་པོ་བདེ་ཐང་འཚོ་བའི་རིང་ཧུར་ཐག་འབད་ཐག་བྱེད་ཀྱི་ཡིན།
རྒྱུན་དུ་ངོས་ཀྱིས་སྨོན་ལམ་བརྒྱབ་པ་དེ། བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་ཚོགས་ཕུང་པོ་ཅི་མཆིས་པ། །མ་གྱུར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་འཕང་པ་མེད་པར་བཏང་བར་བྱ། ། ཞེས་ཉིན་ལྟར་རེ་བཞིན་བསམ་བློ་གཏོང་གི་ཡོད། གང་ཕན་བྱེད་ཀྱི་ཡིན། དེ་རིང་འདིར་རྒྱ་གར་སྐུ་མགྲོན་མི་སྣ་གལ་ཆེ་བ་མང་པོ་ཞིག་ཕེབས་ཡོད། ད་གིན་ཁྱེད་རང་གི་གསུངས་སོང་། ངའི་དེ་འདྲ་ཞིག་བཤད་པ་དེ་ཚོ་རྒྱ་གར་མཁས་པའི་གཞུང་ནས་རྙེད་པའི་རིག་པ་ཞིག་རེད། དེར་བརྟེན་ང་ཚོ་བསམ་བློ་གཏོང་རྒྱུའི་རྒྱུ་ཆ་ཕྱུག་པོ་ཡོད་པ་དེ་རྒྱ་གར་གྱི་རིག་གཞུང་ཆགས་ཡོད། མཚམས་རེ་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་བཤད་ཀྱི་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བརྩིས་ན་ཁྱེད་རང་ཚོ་འཕགས་པའི་མི་ཚོ་ང་ཚོའི་དགེ་རྒན་རེད། ང་ཚོ་དགེ་ཕྲུག་རེད། དེ་རིང་ཁ་སང་ཤེས་ཚད་ཀྱི་ཐོག་ནས་བཤད་ན་དགེ་ཕྲུག་ཚོ་སྐྱོ་བོ་རང་མེད། ང་ཚོའི་མེས་པོ་དགེ་རྒན་ཚོ་དེང་དུས་ཀྱི་དངོས་པོ་ཁྲ་ཆིལ་དེར་གང་ལ་གང་ཙམ་གྱི་སྣང་བ་གཡེང་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གཏིང་ཟབ་པོ་ཡོད་པའི་ཤེས་ཡོན་དེ་ཚོར་དོ་སྣང་ཆུང་དུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེ་རིང་ལུས་སྦྱོང་ཡོ་གའི་ (Yoga ) སྐོར་བཤད་པ་དེ་ཡག་པོ་རེད། ཡིན་ནའང་རྒྱ་གར་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད། བར་སྐབས་ངོས་རང་གཏམ་བཤད་དེ་འདྲ་བྱེད་སྐབས་དྲི་བ་དེ་འདྲ་ཁ་ཤས་ཡོང་གི་འདུག རྒྱ་གར་ནང་ཆོས་ལུགས་སྤྱི་ལ་ཁྱབ་པའི་རྙོག་གྲ་དེ་འདྲ་ཡོང་གི་མེད་དམ་བསམ་པའི་དོགས་པ་བྱེད་མཁན་ཁ་ཤས་འདུག ངོས་ལ་དེ་འདྲ་དྲིས་བྱུང་། ངོས་ཀྱིས་དེ་འདྲ་ཡོང་གི་མ་རེད་བརྗོད་ཀྱི་ཡོད། ཆོས་ལུགས་ཀྱི་འགལ་ཟླ་ཕྲན་བུ་ཕྲན་བུ་ཡོང་གི་ཡོད། མི་དུང་ཕྱུར་བདུན་ཅུ་ཡོད་པས་འཛམ་གླིང་དེའི་ནང་རྙོག་གྲ་བཟོ་མཁན་རེ་བཟུང་ཡོང་སྲིད་ཀྱི་རེད། ཡིན་ནའང་སྤྱི་ཡོངས་ཀྱི་ཐོག་ནས་བཤད་ན་ལོ་སྟོང་ཕྲག་རིང་འཕགས་ཡུལ་དུ་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ལུང་པ་འདིའི་ནང་འཚར་ལོངས་བྱས། རིམ་པས་ལོ་སྟོང་ཕྲག་གཅིག་གཉིས་ལྷག་ཙམ་གྱི་རིང་འཛམ་གླིང་ནང་ཆོས་བརྒྱུད་གལ་ཆེ་མང་ཆེ་བ་རྒྱ་གར་ནང་ཚུགས་ཏེ་འཛམ་གླིང་ནང་མིག་དཔེར་འོས་པའི་རྒྱལ་ཁབ་ཅིག་ཆགས་ཡོད། འཛམ་གླིང་གི་ཆོས་བརྒྱུད་རྩ་ཆེ་བ་ཚང་མ་ས་ཆ་འདིའི་སྒང་མཐུན་སྒྲིལ་ཐུབ་པ་བྱུང་ཡོད། དེ་རིང་ཁ་སང་ཆོས་ལུགས་ཕན་ཚུན་དབར་དགག་བཞག་གི་རྩོད་གླེང་བྱེད་པ་ཙམ་མིན་པར་མི་གསོད་རེས་གཏོང་བའི་དུས་ཚོད་ཅིག་བསླེབས་ཡོད། དེ་འདྲའི་དུས་ཚོད་ཅིག་གི་སྒང་ལ་རྒྱ་གར་གནའ་རབས་ཆོས་ལུགས་མཐུན་སྒྲིལ་ཡོད་པ་འདི་ཧ་ཅང་གི་གལ་ཆེན་པོ་རེད་འདུག
འཛམ་གླིང་ཚང་མས་མིག་དཔེ་བལྟ་ས་ཞིག་རེད། འཛམ་གླིང་ནང་གི་མང་གཙོ། རང་དབང་ལྡན་པའི་མི་གྲངས་མང་ཤོས་དེ་རྒྱ་གར་ཆགས་ཡོད། རྙོག་གྲ་ཡང་མང་པོ་ཡོད། ཡིན་ནའང། ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ནས་དུས་ད་ལྟ་བར་གནས་ཐུབ་ཡོད། རྩ་བ་དེ་མཐུན་སྒྲིལ་ཡག་པོ་ཡོད་པར་བརྟེན་ངོས་ཀྱི་གནད་འགག་མཐོང་གི་མི་འདུག་ཅེས་ཟེར་གྱི་ཡོད། ཡོ་ག་ལུས་སྦྱོང་དེའི་ཐོག་ཐུགས་སྣང་གནང་བ་ཡག་པོ་རེད། དེ་དང་མཉམ་དུ་ཆེ་ས་ནས་ངོས་ཀྱི་ནམ་རྒྱུན་རྒྱ་གར་གྱི་རྩ་ཁྲིམས་དེ་སི་ཀུ་ལར་ Secular ཆོས་ལུགས་རིས་མེད་སྒང་ལ་བཞག་ཡོད། དེར་བརྟེན་ང་ཚོ་ཡོ་ག་སྐད་ཆ་བཤད་དུས་སི་ཀུ་ལར་རིས་མེད་སྒང་ལ་འགྲོ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག དུས་ད་ལྟ་བར་དུ་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ཡོད་པ་འདི་རྒྱ་གར་གྱི་ནོར་བུ་རེད། དེར་དོ་ཕོག་མ་འགྲོ་བ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ངོས་རང་བླ་རྒན་མི་རྒན་ལོ་བརྒྱད་ཅུར་བསླེབས་པའི་མི་ཞིག་གི་མི་ཚེ་མང་བ་རྒྱ་གར་ནང་བསྐྱལ་བ་ཡིན། སོ་སོའི་ལྟ་གྲུབ་ཐོག་ནས་བཤད་པ་ཡིན་ནའང་ངའི་ལྟ་གྲུབ་དང་འབྲེལ་བའི་གནས་ཚུལ་དང་གོ་རྟོགས་དེ་ཚོ་རྒྱ་གར་ནས་འབྱུང་བ་ཞིག་རེད། དེ་འདྲ་ཡིན་དུས་སྐབས་རེ་ངོས་ཀྱི་དེ་འདྲ་བཤད་ཀྱི་ཡོད། ངོས་རང་རྒྱ་གར་གྱི་བུ་ཡིན། ཞེས་ཟེར་གྱི་ཡོད། གང་ཡིན་ཟེར་ན་བསམ་བློའི་ནང་ཕན་ཐོགས་ཡོད་པ་ལྟ་གྲུབ་དེ་ཚོའི་གྲས་རྒྱ་གར་ནས་ཡོང་བ་ཞིག་རེད། ལུས་པོར་ཆ་བཞག་ནའང་ལོ་ངོ་ལྔ་བཅུ་ང་གྲངས་རིང་རྒྱ་གར་གྱི་འབྲས་དང་རྡ་ལི། དེ་བཞིན་ཅ་པ་ཏི་བཅས་ལ་བརྟེན་ནས་ལུས་པོ་འཚོ་བ་ཞིག་རེད། དེ་འདྲ་ཡིན་དུས་ངོས་རང་རྒྱ་གར་གྱི་བུ་ཡིན་ཞེས་ཆབ་སྲིད་ཀྱི་སྐད་ཆ་གང་ཡང་མིན། དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་བཤད་ཀྱི་ཡོད། འཕགས་པའི་ཡུལ་འདིར་དེ་འདྲ་བའི་གནའ་རབས་ཀྱི་ཤེས་ཡོན་ཡོད་པ་འདི་རྒྱ་གར་བ་ཚོས་དོ་སྣང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
དངོས་པོ་ཁྲ་ཁྲ་ཟིང་ཟིང་རྐྱང་རྐྱང་ལ་མགོ་འཁོར། དེ་དང་མཉམ་དུ་ལྐོག་ཟ་རུལ་སུངས་ Corruption གང་ཙམ་ཡོད་པ་ཞིག་གི་ཐོག་ནས་ཕྱིན་པ་ཡིན་ན་འདི་རྒྱ་གར་བའི་ཞབས་འདྲེན་རེད། རྒྱ་གར་ནང་དངོས་ཡོད་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་ལོ་སྟོང་ཕྲག་རིང་རྒྱ་གར་རང་ཉིད་ལ་ཡོད་པའི་ནང་བསམ་བློ་དང་འབྲེལ་བའི་ཤེས་ཡོན་དེ་ཚོ་བསྐྱར་དུ་ཞིབ་འཇུག་བྱས་ནས་བསྐྱར་གསོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་ཁྱེད་རང་ཚོར་དེ་རིང་ཞུ་འདོད་བྱུང་། ང་རང་ཚོ་བོད་པའང་དེ་དང་དེ་བཞིན་བྱས་ནས་གནའ་རབས་ནས་ང་ཚོའི་མེས་པོ་ཚོས་དངོས་གནས་དྲང་གནས་བོད་པར་བསམ་བློ་གཏོང་རྒྱུའི་རྒྱུ་ཆ་མང་པོ་ཞིག་བཞག་གནང་ཡོད། ང་ཚོའི་བོད་ཡིག་འདིར་ཆ་བཞག་ན་མི་འདྲ་བ་ཞིག་འདུག དཔལ་ན་ལེཎྜའི་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་ལ་འགྲེལ་བ་ཡོད་པ་དེའི་བོད་ཡིག་དང་བོད་སྐད་ནང་ལ་འགྲེལ་བཤད་ཆ་ཚང་བརྒྱབ་ཐུབ་ཀྱི་ཡོད། སྐད་ཡིག་གཞན་གྱི་ནང་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་ཆགས་ཡོད། དེ་ལྟར་བསམ་བློ་གཏང་ཡོང་སྐབས་ང་ཚོ་བོད་པའི་བོད་ཡིག་ལ་ངོ་མཚར་སྐྱེ་རྒྱུ་དང་། གུས་པ་དང་སྤོབས་པ་སྐྱེ་རྒྱུ་ཞིག་འདུག། ཤེས་སོང་ངམ། བོད་ཡིག་དང་བོད་སྐད་ཟ་སྐད་འཐུང་སྐད་སྒང་ལ་ཕྱིན་ན་དམིགས་བསལ་གང་ཡང་མེད། དེང་དུས་ཀྱི་ཤེས་ཚད་ནང་ལ་བོད་སྐད་ཀྱི་འདང་གི་མ་རེད། མ་འདང་བ་དེ་བེད་སྤྱོད་མ་བྱས་པ་དང་། ཡར་རྒྱས་མ་ཕྱིན་པས་རེད། དེའི་རྒྱུ་མཚན་དུ་བྱས་ནས་བོད་ཡིག་བསླབ་ནས་ཆོ་གང་ཡང་མི་འདུག མི་ཚེ་བསྐྱལ་བར་ཕན་ཐོགས་མི་འདུག་ཅེས་བརྗོད་ན་ནོར་འཁྲུལ་རེད། དེ་རིང་ཁ་སང་དངོས་པོའི་གནས་ཚད་མཐོན་པོར་བསླེབས་པ་ཚོ་མ་འདང་ས་འདི་སེམས་ཀྱི་རྣམ་གཞག་གི་གནས་ཚུལ་མ་ཤེས་པ་བྱས་ནས་མ་འདང་བའི་ཆ་ཡོད། འཛམ་གླིང་ཡོངས་རྫོགས་ནང་ལ་མ་འདང་བ་གཅིག་ཡོད་པ་དེར་ང་ཚོ་བོད་པའི་ཤེས་ཡོན་གྱི་ཐོག་ནས་ཕར་སྣོན་བྱེད་ཐུབ་པ་ཞིག་ཏན་ཏན་ཆགས་ཀྱི་འདུག ནང་ཆོས་དང་ཆོས་ཕྱོགས་འབྲེལ་ནས་མ་ཡིན་པར་སི་ཀུ་ལར་ཏེ་ཀུན་ཁྱབ་བམ་རིས་མེད་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུར་ང་ཚོར་ཆ་རྐྱེན་དང་ནུས་པ་ཡོད་པའི་བཟོ་འདུག ཕྲུ་གུ་ཁྱེད་རང་ཚོ་ཡང་ཕྱིའི་ཁྲ་ཁྲ་ཟིང་ཟིང་ཁོ་ནར་གཡེངས་ནས་མ་བསྡད་པར་ང་རང་ཚོའི་མེས་པོ་ཚོས་བཞག་པའི་ནང་སེམས་ཁམས་རིག་པའི་སྐོར་བཤད་པ་དེ་ཚོ་ཁྱེད་རང་ཚོས་དོ་སྣང་མང་ཙམ་བྱ་དགོས། ཤེས་སོང་ངམ། དེ་རིང་འདིར་མི་མང་པོ་འཛོམས་པའི་སར་ཞུ་འདོད་བྱུང་།
གོང་དུ་ཨ་རུ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཨ་རུ་ན་ཅལ་དུ་ཤོག་ཅེས་གསུངས་བྱུང་།ད་ལོ་འགྲོ་རྒྱུ་ཡིན་དེ་བླ་རྒན་ལ་ངལ་གསོ་གཏོགས་ཙམ་དགོས་ཀྱི་འདུག ད་ལོ་གར་ཤ་ཁུ་ནུར་འགྲོ་རྒྱུ་དེ་ཡང་དགོངས་པ་ཞུས་པ་ཡིན། དེ་བཞིན་ཨ་རུ་ན་ཅལ་ལའང་ད་ལོ་དགོངས་པ་ཞུས་པ་ཡིན། ལོ་རྗེས་མ་ཟླ་བ་ལྔ་པའི་ནང་འགྲོ་ཐུབ་རྒྱུའི་བང་རིམ་ཞིག་བསྒྲིག་གི་ཡོད། སྐབས་དེར་ཨ་རུ་ན་ཅལ་དུ་མཇལ་ཡོང་། མོན་པའི་གྲོགས་པོ་ཚོ་ཨ་རུ་ན་ཅལ་དུ་མཇལ་སྐབས་མོན་ཆང་ཡག་པོ་ཞིག་གྲ་སྒྲིག་གྱིས་ཤོག་ཨང་། ཚང་མར་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཏེ་མཐར་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། དེའི་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་དང་མི་མང་ཡོངས་རྫོགས་ཉིན་གུང་གསོལ་ཚིགས་ལྷན་དུ་བཞེས་གནང་མཛད་དེ་ངོ་མཚར་དང་བཅས་ཏེ་སྐུའི་གྱ་སྟོན་མཛད་སྒོ་དགའ་དགའ་སྤྲོ་སྤྲོའི་ངང་ནས་གྲོལ། །