༢༠༡༥ ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༦ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་དག་སྐྱེལ་ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད་གནང་ཡོད། དེ་ཡང་བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་ལས་གཞི་སྣེ་མང་གྲས་ནས་ད་ལམ་བོད་དོན་དག་སྐྱེལ་ Authenticating Tibet ཞེས་པའི་དེབ་རྒྱ་ནག་གཞུང་གིས་དྲི་གཞི་བརྒྱ་ལ་རྒྱ་གཞུང་རང་ཉིད་ཀྱིས་དྲིས་ལན་སྙིང་བསྡུས་བཀོད་པ་དེར་བོད་རིག་པའི་མཁས་པ་བཅོ་ལྔས་དྲི་བ་སོ་སོར་ཞིབ་འཇུག་གིས་ལམ་ནས་ལན་འདེབས་ཞིབ་ཕྲ་འཁོད་པའི་དབྱིན་ཡིག་ཐོག་དཔར་སྐྲུན་གནང་ཡོད་པའི་དེབ་འདི་བོད་ཀྱི་གནད་དོན་ཤེས་རྟོགས་གལ་ཆེ་བར་བསམས་ནས་བོད་སྒྱུར་དང་དཔར་བསྐྲུན་ཟིན་པ་དེ་ཉིད་དབུ་འབྱེད་གནང་བའི་མཛད་སྒོའི་ཐོག་ཆེད་ཕེབས་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས། དེ་བཞིན་ཤེས་རིག་བཀའ་བློན། དྲུང་ཆེ་རྣམ་པ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ། དཔེ་མཛོད་ཁང་གི་ལས་བྱེད་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་འདུ་འཛོམས་གནང་འདུག དེ་ཡང་ཐོག་མར་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་གདན་ཞུས་དང་སྦྲགས་ཁོང་རྣམ་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ངོས་ནས་ཕབ་སྒྱུར་དང་འབྲེལ་བའི་ངོ་སྤྲོད་གནང་བའི་ནང་། དེ་རིང་དཔེ་དེབ་དབུ་འབྱེད་དང་བསྟུན་ནས་ཉེ་འཁོར་དུ་བཞུགས་མཁན་གྱི་ལས་བྱེད་རྣམ་པ་ཚོ་མཚམས་རེ་ཕན་ཚུན་དབར་གོ་རྟོགས་ཐུབ་པ་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་རྒྱུས་མངའ་ཡོད་པ་ཞིག་བྱུང་ན་ཡག་པོ་ཡོང་གི་རེད་བསམས་ཀྱི་འདུག ལོ་རེའི་ནང་ཧིན་སྒོར་འབུམ་གཉིས་ཙམ་དཔེ་དེབ་དཔར་སྐྲུན་གྱི་ལས་གཞིའི་ནང་བཏང་གི་ཡོད། དཔེ་དེབ་དེ་དག་གི་ནང་བོད་པའི་ཆོས་དང་རིག་གཞུང་གཙོ་བཟུང་ཐོག་དཔར་བསྐྲུན་བྱས་ཡོད་ཅེས་དང་། གཞན་ཡང་དཔར་སྐྲུན་ཆེ་ཤོས་ཀྱི་ལས་གཞི་ནི་བོད་ཡིག་ཐོག་གནང་གི་ཡོད་པ་དང་།
དེ་ནས་དབྱིན་ཇི་དང་ཧིན་རྡི་གཉིས་ཡིན་འདུག ལས་འཆར་གསར་རྙིང་མང་པོ་ཞིག་སྤེལ་དང་སྤེལ་བཞིན་པ་དང་། བོད་དོན་སྐོར་གྱི་དེབ་རིགས་གལ་ཆེན་ཁ་ཤས་དབྱིན་ཇིའི་ནང་ཡོད་ནའང་བོད་ཡིག་ནང་མེད་པ་དེ་འདྲའི་རིགས་ཡོད་པར་བརྟེན་ད་ཐེངས་ཚང་མས་མཁྱེན་རྟོགས་ཡོང་སླད་བོད་ཡིག་ནང་ཕབ་སྒྱུར་བྱས་པའི་བོད་དོན་དག་སྐྱེལ་གྱི་དཔེ་དེབ་དེ་དཔར་སྐྲུན་བྱས་པ་ཡིན་ཞེས་དང་། ད་དུང་དཔེ་དེབ་ཁག་གཅིག་ཐོན་འཆར་ཡོད་པ་སོགས་ཀྱི་ངོ་སྤྲོད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་དག་སྐྱེལ་ཞེས་པའི་དཔེ་དེབ་གསར་པ་དེ་ཉིད་དབུ་འབྱེད་གནང་བ་དང་སྦྲགས་གསུང་བཤད་གནང་དོན། སྤྱི་ཡོངས་ཀྱི་དཔེ་མཛོད་དེ་ཉིད་ཡར་རྒྱས་ཕྱོགས་སུ་འགྲོ་བཞིན་ཡོད་པར་སོང་དགེ་བཤེས་ལྷག་རྡོར་ལགས་གཙོས་བའི་ལས་བྱེད་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རིང་དེབ་དེའི་ཐོག་ནས་ང་རང་གི་ཉམས་མྱོང་ཐོག་ནས་ཞུ་རྒྱུར་དེབ་དེ་ཐེངས་གཅིག་ཙམ་མིན་པར་ཐེངས་མང་པོ་གཟིགས་ཀློག་ཐུབ་པ་བྱུང་ཚེ་ཐུགས་ཕན་གསོ་རེ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གི་དྲི་བ་བརྒྱ་ལ་ལན་བརྒྱ་ཡོད་པ་རེད། ང་རང་ལྡི་ལི་མཐོ་སློབ་སྐབས་དྲི་ལན་དེ་དག་ཀློག་ཡོང་སྐབས་གཞི་རྩའི་རྒྱ་མིས་བྲིས་པ་ལ་བོད་པ་གཅིག་གི་ངོས་ནས་ཡིད་ཆེས་ཡོང་ཐུབ་ཀྱི་མ་རེད། ཡིན་ནའང་དྲི་ལན་གང་འདྲ་ཞིག་བརྒྱབ་དགོས་ཀྱི་ཡོད་ན་བསམ་པའི་བསམ་བློ་འཁོར་མྱོང་། ད་ཐེངས་བོད་དོན་དག་སྐྱེལ་ཞེས་པ་འདི་ནུབ་ཕྱོགས་མི་སྣ་བཅོ་ལྔས་དྲི་ལན་སྤུ་ཚད་ལྡན་པ་དང་ཞིབ་འཇུག་བྱས་པའི་སྒོ་ནས་བྲིས་པ་ཞིག་ཡིན་སྟབས་ང་ཚོ་བོད་པ་སུའི་བཀླག་ཀྱང་ཐུགས་ཕན་གསོས་པ་ཡོང་གི་རེད། དེ་དང་ལྷན་ང་ཚོའི་རྩིས་དཔོན་ཞྭ་ལྒབ་པ་དང་། མཧེ་ཀལ་ཝེན་ཝན། སློབ་དཔོན་ཟླ་བ་ནོར་བུ ཚེ་རིང་ཤཱཀྱ་སོགས་ཁོང་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་དེབ་དང་རྩོམ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཆ་ཚང་བ་ཞིག་གཟིགས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ཐེངས་དེབ་དེའི་ནང་གང་ཡོད་ཞུས་ན་ཁོང་རང་ཚོས་ནུབ་ཕྱོགས་པའི་ཞིབ་འཇུག་བྱེད་སྟངས་ཀྱི་ཐོག་ནས་ཁུངས་ལྡན་ཡིན་ཞེས་ལན་བརྒྱབ་ཡོད།
བོད་མི་གཅིག་གིས་དཔེ་དེབ་དེ་ཀློག་སྐབས་སྔོན་མ་སོ་སོའི་སློབ་གྲྭའི་སྐབས་དང་དེ་བཞིན་ལོ་རྒྱུས་ཀྱི་དེབ་རིགས་ཁག་ནང་ངས་དེ་འདྲ་ཞིག་མཐོང་ཐོས་མ་བྱུང་བསམས་པ་ཡོང་གི་ཡོད། ཡིན་ནའང་། དེབ་དེའི་ནང་བོད་དེ་གཞི་རྩའི་ལོ་རྒྱུས་ཐོག་རང་བཙན་ཡིན་ནའང་སྐབས་དང་དུས་ལ་གནས་ཚུལ་བྱུང་ཡོད་རེད་ཅེས་ནུབ་ཕྱོགས་པས་ཞིབ་འཇུག་ལྟ་སྟངས་ཐོག་ནས་བྲིས་ཡོད། དེ་དག་ང་ཚོས་མཁས་ལེན་དགོས་རེད་ཅེས་ཞུ་ཐུབ་ཀྱི་མ་རེད་བསམ་གྱི་འདུག དེ་ལ་སོ་སོའི་ངོས་ནས་དཔེ་དེབ་དང་རྩོམ་ཁག་ལ་གཟིགས་པ་དང་སྦྲགས་ཉམས་ཞིབ་བྱས་ནས་དེ་ལ་ལན་འདེབས་རྒྱག་རྒྱུའི་གྲ་སྒྲིག་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེབ་འདི་བོད་རིག་པ་དང་འབྲེལ་དེབ་དེའི་ནང་རྩོམ་པ་པོ་བཅོ་ལྔ་དང་ལེའུ་མཐའ་མ་དེ་རྒྱལ་ས་ལྷ་སའི་ནང་སྒེར་ལངས་སྐོར་བཤད་ཡོད། དེ་གནད་འགག་ཆེན་པོ་ཞིག་ཡོད། གང་ཡིན་ཞུས་ན། ང་རང་ཧ་ཝཌ་མཐོ་སློབ་ནང་ལོ་བཅུ་དྲུག་ཙམ་སྡོད་སྐབས། ཕྱི་ལོ་ ༢༠༠༨ གོང་ལ་ཕལ་ཆེར་ཕྱི་ལོ་ ༡༩༨༧ དང་ཕྱི་ལོ་ ༡༩༨༨ ལོར་ལྷ་སའི་ནང་སྒེར་ལངས་བྱུང་སྐབས་བོད་རིག་པ་ཁག་གཅིག་བོད་ནང་འགྲོ་བར་བརྟེན་བོད་ཀྱི་གནས་སྟངས་རྟོག་ཞིབ་བྱ་ཕྱིར་ངས་བོད་རིག་པ་འགའ་ཤས་ལ་བོད་ཀྱི་གནས་སྟངས་གང་འདྲ་ཞིག་འདུག་ཅེས་དྲིས་སྐབས། ཁོང་ཚོས་དབྱིན་ཇིའི་ཐ་སྙད་ནང་བོད་ཀྱི་གནས་སྟངས་ hopelessness ཅེས་རེ་བ་དང་བྲལ་བ་ལྟ་བུའི་སྐད་ཆ་བཤད་ཀྱི་འདུག ཕྱི་ལོ་ ༢༠༠༨ གོང་ཁོང་ཚོས་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱིས་ཡོད། ངས་ཁོང་ཚོར་རེ་ཐག་ཆོད་པ་ཡིན་གྱི་མ་རེད་ཅེས་ཞུས་པ་ཡིན་ལ་ངས་ཁོང་ཚོའི་མཉམ་རྩོད་གླེང་མང་པོ་བྱས་ཀྱང་ཁོང་ཚོས་སྐད་ཆ་དེར་ཆ་འཇོག་གི་མི་འདུག ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནས་སྒེར་ལངས་ཆེན་པོ་ཞིག་ལངས་པའི་རྗེས་སུ་མཁས་པ་ཁོང་ཚོས་ཆོལ་ཁ་གསུམ་ནང་སྒེར་ལངས་ཆེན་པོ་ཞིག་ཡོང་གི་རེད་བསམ་པའི་བསམ་བློ་ཞིག་འཁོར་མེད་ཅེས་དང་། དེ་སྔོན་བཙན་བྱོལ་བས་བཤད་པའི་སྐད་ཆ་དེར་རྒྱུ་མཚན་ཡོད་པ་ཞིག་མཐོང་གི་འདུག་ཅེས་བོད་ནང་དངོས་སུ་ཁོང་རང་ཚོ་ཕྱིན་ནས་ཉམས་ཞིབ་བྱས་པའི་ནང་། བོད་ནང་དབྱེ་འབྱེད་ཡོད་པ་ལ་བརྟེན་ནས་སྒེར་ལངས་བྱུང་གི་ཡོད་པ་སོགས་བཤད་ཡོད་ཅེས་སོགས་ཀྱི་དེབ་དེ་དང་འབྲེལ་བའི་གསུང་བཤད་དང་མཇུག་ཏུ་སྲིད་སྐྱོང་མཆོག་གིས་གསུང་དོན། བོད་རིག་པའི་ཐོག་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། རྒྱ་བོད་གཉིས་ཀྱི་སྐད་ཡིག་ཤེས་པའི་ཆ་རྐྱེན་ཐོག་ནས་ཞིབ་འཇུག་བྱེད་དགོས་པ་ལས་དེ་མིན་རྒྱ་ཡིག་མ་ཤེས་ན་ཁོང་ཚོས་ཆ་རྐྱེན་མེད་པའི་ཁོངས་སུ་བརྩིས་ཀྱི་འདུག
གང་ཡིན་ཞུས་ན་བོད་དང་རྒྱ་ནག་སྐོར་ཉམས་ཞིབ་བྱ་དགོས་པར་བརྟེན་རྒྱ་ཡིག་ཤེས་དགོས་པ་ཡིན། དཔེ་དེབ་དེ་ཐེངས་མང་ཙམ་བཀླག་ནས་མ་འོངས་པར་བོད་སྤྱི་ཡོངས་ཀྱི་ལོ་རྒྱུས་ཐོག་ལ་ཞིབ་འཇུག་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་སོགས་གསུང་བཤད་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་དོན། ལྷག་པར་དེ་རིང་གི་དེབ་འདི་ལྟ་བུར་མཚོན་ན། ཆབ་སྲིད་ཀྱི་ངོ་བོའི་དེབ་ཞིག་ཡིན་པ་དང་། ད་ལྟ་གོང་དུ་དགེ་བཤེས་ལགས་ཀྱིས་གསུངས་པ་བཞིན། སྐབས་རེ་དཔལ་འབྱོར་གྱི་དཀའ་ངལ་ཐོག་ནས་འཆར་སྣང་མང་པོ་ཡོད་ནའང་ལས་དོན་སྒྲུབ་མ་ཐུབ་པའི་གནས་ཚུལ་ཡོང་གི་ཡོད་འདུག དེ་ཚོའི་གྲས་ལ་གཏན་གཏན་སྒྲིག་འཛུགས་ངོས་ནས་ཐུགས་སྣང་གནང་དགོས་རྒྱུ་དང་ལྷག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་མཐུན་འགྱུར་གནང་དགོས། ད་ལྟ་གོང་དུ་སྲིད་སྐྱོང་མཆོག་གིས་ཁས་ལེན་གནང་མེད་ཀྱང་བལྟ་ཆོག་གི་རེད་ཅེས་གསུངས་སོང་། དེར་བརྟེན་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཡིན་ན་ལས་དོན་དེ་དག་མཁས་དབང་ཚོས་གནང་རྒྱུ་དང་། མཐུན་འགྱུར་གནང་དགོས་རིགས་འཛིན་སྐྱོང་ནས་གནང་ཐུབ་ན་དུས་ཐོག་ལ་འདོན་ཐུབ་རྒྱུར་ཁྱད་པར་ཞིག་ཡོང་གི་རེད་བསམས་ཀྱི་འདུག སྐབས་རེ་ང་ཚོའི་ཆབ་སྲིད་ཀྱི་གནད་དོན་དེ་ཚོ་དུས་འགྱངས་རིང་པོར་ཕྱིན་ན་དུས་ཚོད་ལ་དཔག་པའི་ཏག་ཏག་ཅིག་བསྡད་ཀྱི་ཨ་ཡོད་བསམས་པ་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེབ་འདི་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་ཡོད། སྲིད་སྐྱོང་མཆོག་གིས་དེབ་འདིའི་ནང་དོན་ཆ་ཚང་ང་ཚོས་ཁས་ལེན་མི་ཐུབ་པའི་གནས་སྟངས་དེ་ཚོ་འགྲེལ་བཤད་བསྐྱོན་པ་རེད། དེབ་འདིིའི་ནང་ཡོད་པའི་ལན་དེ་དག་སྙིང་བསྡུས་མ་གཏོགས་མེད། དེ་ལས་ཞིབ་ཚགས་པ་དེ་ཁོང་ཚོའི་ཡིག་ཆའི་ནང་ཡོད། ནུབ་ཕྱོགས་པའི་བོད་རིག་པའི་མཁས་པ་ཚོས་ལན་བརྒྱབ་པ་དེ་དག་གི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མི་མཐུན་པ་དེ་འདྲ་ཡོང་བཞིན་ཡོད། དེ་ཚོར་སོ་སོའི་རིག་པས་དཔྱད་ནས་གོ་བ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་སོགས་ཀྱི་གསུང་བཤད་གནང་བའི་རྗེས་དཔེ་དེབ་སྒྱུར་བ་པོ་བྱམས་བསྟན་ལགས་ལ་སྲིད་སྐྱོང་མཆོག་གིས་ལེགས་གསོའི་མཇལ་དར་དང་། མཛད་སྒོའི་མཐར་ཐུགས་རྗེ་ཆེ་ཞུ་དང་དཔེ་དེབ་འགྲེམས་སྤེལ་གནང་བ་བཅས།