༢༠༡༥ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་པའི་གསར་འགོད་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ (Tibetan Entrepreneurship Development) ཚན་པས། སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་ ༢༠༡༥ དང་། ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་སྐོར་གསར་འགོད་གསལ་བསྒྲགས་སྤེལ་གནང་སོང་།
དེ་ཡང་ཐོག་མར་སྲིད་སྐྱོང་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་འདིར་གསར་འགོད་ལྷན་ཚོགས་བསྐོང་དགོས་དོན་ནི། དཔལ་འབྱོར་ལས་ཁུངས་ཀྱིས་གསར་གཏོད་རིམ་པའི་ཐོག་ནས་ལས་གཞི་སྤེལ་གནང་སྟེ། འདི་ལོར་དཔལ་འབྱོར་དང་འབྲེལ་བའི་གཟེངས་རྟགས་གཉིས་གནང་གཏན་འཁེལ་ཡོད། གཙོ་བོ་འདི་ལོར་གནང་དགོས་དོན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་བཞད་པ་དང་། དེ་བཞིན་༸གོང་ས་མཆོག་གིས་སྔ་ལོ་ཝ་ཤིང་ཊོན་དུ་བོད་རིགས་རྣམས་ལ་བཀའ་སློབ་སྩལ་སྐབས། ང་ཚོའི་སྤྱི་ཚོགས་ནང་མ་འོངས་པར་ཨ་སྒོར་ས་ཡ་དང་དུང་ཕྱུར་བདག་པོ་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་པ་ལྟར། དཔལ་འབྱོར་ལས་ཁུངས་ནས་རྐང་འགན་བཞེས་ཏེ་ལས་གཞི་འདི་སྤེལ་བ་ཞིག་རེད།
ཐེངས་འདིར་སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་དང་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས། ཞེས་པ་འབུལ་རྒྱུ་བྱས་ཡོད། སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་ལ་ཧིན་སྒོར་འབུམ་ ༢༡ དང་། ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ལ་ཧིན་སྒོར་འབུམ་ ༡༥ གནང་རྒྱུ་གཏན་འཁེལ་ཡོད། སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་ཀྱི་ཧིན་སྒོར་འབུམ་ ༢༡ དེ་མི་གཅིག་ལ་གནང་རྒྱུ་དང་། དེ་བཞིན་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཀྱི་འབུམ་ ༡༥ དེ་གྲངས་ཚད་གཏན་འབེབས་མེད་པར་བརྟེན། སྙན་ཞུ་འབུལ་མཁན་ཁྲོད་མཐའ་མའི་འདེམས་སྒྲུག་བྱུང་བ་རྣམས་ལ་ཆ་བགོས་བྱེད་དགོས་ཀྱི་ཡོད། དེ་འབྱུང་དགོས་དོན་ནི། གཞི་རྩའི་བཀའ་ཤག་འདིའི་ཐོག་ནས་ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་འབད་བརྩོན་ཞུས་དང་ཞུ་མུས་ལྟར་ཡར་རྒྱས་ཡང་གང་ཙམ་ཕྱིན་པའི་རྣམ་པ་ཐོན་ཡོད། དེ་བཞིན་དཔལ་འབྱོར་ཡང་གལ་ཆེན་པོ་ཆགས་ཡོད། བཀའ་ཤག་གི་ལྟ་གྲུབ་གསུམ་པོ་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་ཡིན་སྟབས། གཞི་རྩའི་ང་ཚོའི་སྒྲིག་འཛུགས་དང་། ཆབ་སྲིད། སྤྱི་ཚོགས། ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་རང་ཁ་རང་གསོ་དགོས་པ་མ་ཟད། དེ་བཞིན་དཔལ་འབྱོར་གྱི་ཐོག་ནས་རང་ཁ་རང་གསོ་ཆགས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་མི་རྣམས་རང་ཆས་ཀྱི་ཚོང་ལ་ཡག་པོ་ཡོད་པ་ཞིག་ཆགས་ཡོད།
དཔེར་ན། ཇིའུ་ (Jewish) མི་རྣམས་སོ་སོའི་ལུང་པ་དོར་ནས་ལོ་ངོ་སྟོང་ཕྲག་གསུམ་རིང་ཕྱིའི་ཡུལ་གྲུར་གནས་པའི་རིང་ཁོང་ཚོར་སོ་སོའི་ས་ཞིང་མེད་སྟབས། ཁོང་ཚོས་མཁས་ལས་པའི་ཚོང་ལས་གཉེར་ནས་དཔལ་འབྱོར་གནས་བབ་ཧ་ཅང་ཡག་པོ་ཆགས་ཡོད། ལེ་བྷི་ནན་ (Lebanon) དེ་ཚོ་ཡང་ཨ་ཕི་རི་ཁའི་ནང་ཚོང་པ་ཆེན་པོ་ཆགས་ཡོད། རྒྱ་གར་ནང་ཆ་བཞག་ན་མར་ཝ་རི་དང་ཇེན་ལྟ་བུ་མི་འབོར་ཉུང་ཉུང་ཡོད་ནའང་དཔལ་འབྱོར་ཐོག་ནས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། བོད་པ་ཚོ་ཡིན་ནའང་རང་བཞིན་གྱི་ཚོང་རྒྱག་དགོས་པ་ཞིག་ཆགས་ཡོད། གཞིས་ཆགས་ཁག་ལ་ཡོད་པའི་ས་ཆ་དེ་དག་ཆུང་ཆུང་ཡིན་སྟབས། བོད་མི་རྣམས་ཀྱིས་ཚོང་ལས་གཉེར་བའི་ཐོག་ནས་སོ་སོའི་འཚོ་བ་སྐྱེལ་བཞིན་ཡོད་པ་གསལ་པོ་རེད། བོད་པས་གོ་སྐབས་རག་ཚད་ལ་ཚོང་བརྒྱབ་སྟེ་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད་པ་དེ་གཞན་གྱི་ངོས་འཛིན་ཡོད་པ་མ་ཟད་བསྔགས་བརྗོད་ཀྱང་བྱེད་བཞིན་ཡོད། དཔེར་ན། ཉམས་ཞིབ་པ་ཌོག་ཊར་གྷི་རི་ཛ་ས་ཀ་ལ་ནི་ལགས་ཀྱིས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནས་གཞིས་ཆགས་ཁག་གི་བོད་པའི་དཔལ་འབྱོར་གནས་སྟངས་དང་། ཁྱིམ་མཚེས་རྒྱ་གར་གྲོང་གསེབ་ཁག་གི་དཔལ་འབྱོར་གནས་སྟངས་ལ་བལྟས་སྐབས། བོད་པའི་དཔལ་འབྱོར་གནས་སྟངས་ཧ་ཅང་གི་ཡག་པོ་འདུག བོད་པའི་ནང་གི་པ་ལགས་ཀྱིས་ཚོང་ངམ་ལས་ཀ་བྱས་པའི་ཐོག་ནང་གི་ཨ་མ་ལགས་ཀྱིས་ཀྱང་དཀའ་ལས་འདྲ་མཉམ་བརྒྱབ་པར་བརྟེན་ཡོང་འབབ་ཀྱང་ལྡབ་ལོག་ཡོང་གི་འདུག དེར་བརྟེན་བོད་པ་དེ་ཚོ་དཀའ་ལས་རྒྱག་ཐུབ་མཁན་ཞིག་ཡིན་སྟབས་ཁོང་ཚོའི་ཡོང་འབབ་ཡག་པ་འདུག་ཅེས་ཁོ་མོས་ཕྱོགས་བསྡོམས་དེ་སྐྱོན་ཡོད། འཆར་འགོད་དང་དཔལ་འབྱོར་ལས་ཁུངས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་བྱས་པའི་སྐབས་ཞིང་འབྲོག་ཐོག་ནས་འཚོ་བ་སྐྱེལ་མཁན་བརྒྱ་ཆ་ ༢༦།༤ དང་། ཚོང་བརྒྱབ་ནས་འཚོ་བ་སྐྱེལ་མཁན་བརྒྱ་ཆ་ ༢༧།༣ འདུག དེར་བརྟེན་ཡོང་འབབ་དེ་ཚོང་རྒྱག་མཁན་བརྒྱ་ཆ་གཅིག་མཐོ་བ་ཡོད་ཀྱང་། བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཡོང་བབ་བལྟས་ན་ཞིང་འབྲོག་ངོས་ནས་ཡོང་འབབ་དེ་བརྒྱ་ཆ་ ༨།༥ ཆགས་ཡོད། ཚོང་བརྒྱབ་པའི་ཡོང་འབབ་དེ་བརྒྱ་ཆ་ ༤༡ རེད་འདུག དེར་བརྟེན་བོད་པའི་སྤྱི་ཚོགས་ནང་ཚོང་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད་པ་ཧ་ཅང་གསལ་པོ་རེད་འདུག
དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་ད་ལྟའི་ཆར་སྤྱི་ཚོགས་ནང་ཚོང་པ་ཡོད་མཁན་ཚོར་སེམས་ཤུགས་སྤར་ཏེ་ཚོང་པ་ཚད་དང་ལྡན་པ་དང་། སྤྱི་ཚོགས་ལ་ཕན་པ། བོད་པའི་གཞོན་སྐྱེས་ཚོར་ལས་ཀ་སྤྲོད་ཐུབ་མཁན། གཞིས་ཆགས་སྲ་བརྟན་ལ་ཕན་པ། ཕུགས་ཀྱི་རྩ་དོན་ལའང་ཕན་པའི་ཚོང་པ་ཡོད་ན། དེ་ཚོར་གཟེངས་རྟགས་འབུལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ཁོང་ཚོར་མ་རྩ་ཕྲན་བུ་ཞིག་ཕུལ་ཐུབ་པ་བྱུང་ན་ཁོང་ཚོའི་ཚོང་ལས་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག སྤྱི་ཚོགས་ནང་གཞོན་སྐྱེས་ཚོར་ལས་ཀ་སྤྲད་ཐུབ་པ་དང་། གཞིས་ཆགས་སྲ་བརྟན། རྩ་དོན་ལ་ཕན་ཐོགས་ཡོང་ཆེད་དངུལ་འབོར་འབུམ་ ༢༡ འདི་ང་ཚོས་གཏན་འབེབས་བྱས་པ་རེད།
གཉིས་པ་དེ་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཕུལ་དགོས་དོན་ནི། གལ་ཏེ་བོད་རིགས་གཞོན་སྐྱེས་ཁྲོད་ཚོང་ལས་ཐོག་འཆར་གཞི་ཚད་ལྡན་ཡོད་ཀྱང་མ་དངུལ་མེད་པ་རྣམས་ལ་མ་རྩ་བསྐྲུན་ཐུབ་ཐབས་ཆེད་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པ་དང་ཁེ་ཎ་ཌའི་ནང་གི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གཉིས་ཀྱི་ཟུང་སྦྲེལ་འོག ཆེས་ཐོག་མའི་གསར་གཏོད་ཀྱི་རྣམ་པའི་ཐོག་ནས། ༼སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས། ༢༠༡༥༽ དང་། ཚོང་ལས་གསར་དུ་གཉེར་མཁན་ཚོར་དམིགས་པའི། ༼ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས།༽ ཞེས་གཟེངས་རྟགས་གཉིས་ལ། དངུལ་དམར་བྱ་དགའ་ཧིན་སྒོར་འབུམ། ༢༡ དང་། རོགས་སྐྱོར་མ་དངུལ་ཧིན་སྒོར་འབུམ། ༡༥། བཅས་གནང་རྒྱུའི་བཀའ་ཁྲོལ་ཐུགས་གཏན་འཁེལ་སོང་བའི་སྔོན་ཁྱབ་གསལ་བརྡ་གཏོང་བཞིན་ཡོད། འདེམས་སྒྲུག་གི་སྤུས་ཚད་གང་ལེགས་ཡོང་ཆེད། འཛུལ་ཞུགས་པའི་དབར་ཚོང་ལས་རིག་གསར་གྱི་འགྲན་སྡུར་དང་། གསར་གཏོད་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱ་གང་ཆེར་འགྱུར་བ་ཆེན་པོ་སྤྲོད་ཐུབ་པའི་དམིགས་འདུན་དགོས་གལ་དང་ཆབས་ཅིག སྒྲིག་གཞི་གཞིར་བཟུང་གི་འདེམས་སྒྲུག་བྱུང་བའི་གཟེངས་རྟགས་ཐོབ་མི་རྣམས་འདི་ལོ་༢༠༡༥ ཕྱི་ཟླ་དགུ་པའི་ནང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འཆར་ཡོད་པ་ཞུ།
སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས། ༢༠༡༥ ཟེར་བ་དེ་ནི། ད་ཡོད་བཙན་བྱོལ་སྤྱི་ཚོགས་ནང་གི་དོ་དག་ཚོང་པ་རང་གིས་བཙན་བྱོལ་སྤྱི་ཚོགས་སྤྱི་ལ་ཕན་ནུས་ཁྱབ་ཆེ་ཆུང་ག་ཚོད་གནང་ཡོད་མེད་དང་། ཚོང་པ་རང་ཉིད་ཀྱི་ཚོང་ལས་དེའི་ཐོག་ནས་འབྱུང་འགྱུར་ཚོང་པ་གསར་པ་ག་ཚོད་ལ་སེམས་ཤུགས་སྐྱེས་གཞིའི་དམིགས་དཔེར་འགྱུར་མིན་སོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གཉིས་ཀའི་ཐོག་ནས་ནུས་རྩལ་ཚད་འཛིན་བྱས་པའི་ཐོག་ཆེ་བསྟོད་ཧིན་སྒོར། ༢༡༠༠༠༠༠། གནང་གཏན་འཁེལ་བ་དང་།ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ནི་ཚོང་ལས་ལ་གསར་དུ་ཞུགས་མཁན་གཞོན་སྐྱེས་ཚོང་པ་འཆར་གཞི་དང་འདུན་པ་ཚད་ལྡན་ཡོད་ཀྱང་། དཔལ་འབྱོར་གྱི་བརྒྱབ་བརྟེན་འདེངས་འཁེལ་བ་ཞིག་མེད་མཁན་ཚོར་དམིགས་ཏེ། ཚོང་པ་གསར་པ་གསུམ་ཙམ་ལ་མ་དངུལ་རོགས་སྐྱོར་གྱི་ཚད་གཞི་ཧིན་སྒོར། ༡༥༠༠༠༠༠། གནང་གཏན་འཁེལ་ཡོད།
སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་འདི་གཙོ་བོ་ད་ཡོད་བོད་མི་ཁྱད་མཁས་ཚོང་པ་དོ་བདག་གི་ངོས་ནས་བོད་པའི་སྤྱི་ཚོགས་སྤྱི་ལ་ཕན་པའི་ཞབས་འདེགས་ཇི་ལྟར་གྲུབ་ཡོད་པ་དེ་དག་ལ་ཡིད་རངས་ངོས་འཛིན་ཞུ་ཐབས་དང་། དམིགས་བསལ་ཚོང་པ་གཞན་ལའང་དེ་ལྟར་དམིགས་དཔེའི་ཚད་གཞིར་འགྱུར་བའི་སེམས་ཤུགས་སྐྱེ་གཞི་ཞིག་ཆགས་ཐུབ་པའི་ཐོག་ནས་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་འདེངས་འཁེལ་པོ་ཞིག་སྐྲུན་ཐབས་ཆེད་དུ་དོ་བདག་ཚོང་པ་དེར་ཧིན་སྒོར་འབུམ་ ༢༡ གི་ཆེ་བསྟོད་དངུལ་དམར་བྱ་དགའ་གནང་གཏན་འཁེལ་ཡོད་པ་ཞིག་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཚོང་ལས་ཁྱད་མཁས་གོང་མཐོར་སྤེལ་སླད་དུས་ཚོད་དང་རན་པའི་རྒྱབ་སྐྱོར་ཐབས་ཇུས་གཏིང་རྒྱུའི་ངོས་འཛིན་ཞུ་བཞིན་པ་དང་ཆབས་ཅིག་རྒྱུ་མཚན་དམིགས་ཡུལ་དེ་རང་གི་ཐོག་ནས་དཔལ་འབྱོར་ལས་ཁུངས་སུ་ཆེད་མངགས་ (TED) ཞེས་པའི་བཙན་བྱོལ་བོད་མིའི་ཚོང་ལས་རམ་འདེགས་ཀྱི་ལས་གཞི་ཚན་པ་ཞིག་གསར་འཛུགས་གནང་ཞིང་། ཚན་པ་དེའི་ཚོགས་ཆུང་ནས་བོད་མི་ཁེ་ལས་ཚོང་པ་ཚོར་དཔལ་འབྱོར་རང་འཚུགས་འཕེར་ཐབས་ཀྱི་རྒྱབ་སྐྱོར་སྒོ་གང་ཐུབ་ནས་གནང་གི་ཡོད་པ་བཞིན། ད་རེས་ཀྱང་ཁེ་ཎ་ཌའི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་མཐུན་སྦྱོར་བརྒྱབ་བརྟེན་གནང་བའི་འོག་ (TED) ཚོགས་ཆུང་ཚན་པའི་ངོས་ནས་ཁྱད་མཁས་ཚོང་པ་ཚོའི་དཔལ་འབྱོར་གནས་སྟངས་མདུན་སྤོས་ཡོང་ཐབས་དང་འབྲེལ་བའི་སྲིད་སྐྱོང་མཚན་མཐོང་གི་ངོས་འཛིན་གནང་བའི་ཁྱད་མཁས་ཚོང་པའི་གཟེངས་རྟགས་དེ་གསར་གཏོད་གནང་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ཀྱང་གཙོ་བོ། གཞིས་ཆགས་ཁག་གི་བོད་མི་གཞོན་སྐྱེས་ཚོར་ལས་ཞུགས་གོ་སྐབས་སྐྲུན་ནས་སོ་སོའི་གཞིས་ཆགས་ས་ཁོངས་སུ་གནས་ཐབས་དང་། དཔལ་འབྱོར་རྒྱབ་སྐྱོར་གྱི་དགོས་མཁོར་ཐུག་པའི་ཚོང་པ་གསར་པ་ཚོར་མ་དངུལ་མཐུན་སྦྱོར་སོགས་ཀྱི་སེམས་ཤུགས་སྤེལ་ཏེ། ཚོང་ལས་ཀྱི་ཐོག་ནས་གཞིས་ཆགས་རྒྱུན་གནས་ཐུབ་ཐབས་ལ་ཕན་པའི་ཞབས་འདེགས་གྲུབ་རྒྱུའི་ནུས་པ་འདོན་ཐབས་བཅས་ཡིན་པ་རེད།
འདེམས་སྒྲུག་བྱེད་ཕྱོགས། འདེམས་སྒྲུག་ཆ་རྐྱེན།
༡། ཁྱད་མཁས་ཚོང་པ་དེ་བཙན་བྱོལ་སྤྱི་ཚོགས་སྤྱི་ལ་ཤུགས་རྐྱེན་ཁྱབ་ཆེ་ཆུང་གང་འདྲ་ཡོད་མེད།
༢། ཁྱད་མཁས་ཚོང་པ་དེ་ཡིས་བོད་མི་ག་ཚོད་ཞིག་ལ་ལས་ཀའི་གོ་སྐབས་སྤྲོད་ཐུབ་ཡོན་མིན།
༣། ཚོང་ལས་དེ་ཡིས་གཞིས་ཆགས་ཁག་གི་སྤྱི་ཚོགས་རྒྱུན་གནས་ཐུབ་ཆེད་ལ་ཕན་ནུས་གང་འདྲ་ཐོན་མིན།
༤། ཁྱད་མཁས་ཚོང་པ་དེ་ཡི་དཔལ་འབྱོར་གནས་སྟངས་དང་དམིགས་བསལ་ཚོང་ལས་དེ་རང་གི་མ་རྩ་བརྟན་ལོས།
༥། ཚོང་པ་གཞན་ལ་དམིགས་དཔེའི་ལམ་སྟོན་གྱི་བྱ་གཞག་རིགས་གྲུབ་ཡོད་མེད།
༦། ཁྱད་མཁས་ཚོང་པ་དེ་ཡིས་མ་འོངས་པར་བོད་མིའི་སྤྱི་ཚོགས་ལ་རོགས་སྐྱོར་ནུས་པ་ཇི་ཙམ་འདོན་ཐུབ་མིན། བཅས་ཡིན།
ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་གཟེངས་རྟགས་འདི་གཙོ་བོ་ཚོང་ལས་ཐོག་རིག་གསར་གྱི་དམིགས་འདུན་འཆར་གཞི་བཟང་པོ་ཡོད་མཁན། དཔལ་འབྱོར་གྱི་མ་རྩ་འདང་ངེས་མེད་པའི་ཚོང་པ་གསར་པ་ཚོར་དམིགས་ནས་ཆེད་འཛུགས་བྱས་ཞིང་། སྤྱི་ཚོགས་ནང་ཚོང་ལས་གསར་པ་ཁག་གཅིག་དངོས་སུ་ལག་བསྟར་ཐུབ་པའི་མཐུན་སྦྱོར་རྒྱབ་སྐྱོར་གནང་ཆེད་ཧིན་སྒོར་མ་དངུལ་གྱི་ཚད་གཞི་འབུམ་ ༡༥ ཆེ་བསྟོད་དུ་གནང་བ་ཞིག་ཡིན་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཚོང་ལས་ཁྱད་མཁས་གོང་མཐོར་སྤེལ་སླད་དུས་ཚོད་དང་རན་པའི་རྒྱབ་སྐྱོར་ཐབས་ཇུས་གཏིང་རྒྱུའི་ངོས་འཛིན་ཞུ་བཞིན་པ་དང་ཆབས་ཅིག་རྒྱུ་མཚན་དམིགས་ཡུལ་དེ་རང་གི་ཐོག་ནས་དཔལ་འབྱོར་ལས་ཁུངས་སུ་ཆེད་མངགས་ (TED) ཞེས་པའི་བཙན་བྱོལ་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ཀྱི་ལས་གཞི་ཚན་པ་ཞིག་གསར་འཛུགས་གནང་ཞིང་། ཚན་པ་དེའི་ཚོགས་ཆུང་ནས་བོད་མི་ཁེ་ལས་ཚོང་པ་ཚོར་དཔལ་འབྱོར་རང་ཚུགས་འཕེར་ཐབས་ཀྱི་རྒྱབ་སྐྱོར་སྒོ་གང་ཐུབ་ནས་གནང་གི་ཡོད་པ་བཞིན། ད་རེས་ཀྱང་ཁེ་ཎ་ཌའི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གིས་མཐུན་སྦྱོར་བརྒྱབ་བརྟེན་གནང་བའི་འོག་ (TED) ཚོགས་ཆུང་ཚན་པའི་ངོས་ནས་ཁྱད་མཁས་ཚོང་པ་ཚོའི་དཔལ་འབྱོར་གནས་སྟངས་མདུན་སྤོས་ཡོང་ཐབས་དང་འབྲེལ་བའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་དེ་གསར་གཏོད་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་མ་ཟད། དེའི་དམིགས་ཡུལ་ཀྱང་གཙོ་བོ། གཞིས་ཆགས་ཁག་གི་བོད་མི་གཞོན་སྐྱེས་ཚོར་ལས་ཞུགས་གོ་སྐབས་སྐྲུན་ནས་སོ་སོའི་གཞིས་ཆགས་ས་ཁོངས་སུ་གནས་ཐབས་དང་། དཔལ་འབྱོར་རྒྱབ་སྐྱོར་གྱི་དགོས་མཁོར་ཐུག་པའི་ཚོང་པ་གསར་པ་ཚོར་མ་དངུལ་མཐུན་སྦྱོར་སོགས་ཀྱི་སེམས་ཤུགས་སྤེལ་ཏེ། གཞིས་ཆགས་རྒྱུན་གནས་ཐུབ་ཐབས་ཀྱི་ཞབས་འདེགས་གྲུབ་རྒྱུའི་ནུས་པ་འདོན་ཐབས་བྱེད་བཞིན་པ་བཅས་ཡིན་པ་རེད།
འདེམས་སྒྲུག་བྱེད་ཕྱོགས། འདེམས་སྒྲུག་ཆ་རྐྱེན།
༡། ཚོང་ལས་གསར་འཛུགས་ཀྱི་མ་རྩ་དང་ལས་དོན་གང་སྤྱིའི་ཐད་ནས་སྔོན་འཆར་གྲ་སྒྲིག་འཐུས་འཚང་དགོས་པ་མ་ཟད། ཁྲོམ་རའི་ནང་ལག་བསྟར་ཐུབ་ཅིང་འཕེལ་རྒྱས་འགྲོ་ཐུབ་རྒྱུའི་ལས་འཆར་ཁ་གསལ་དགོས་པ།
༢། རིག་གསར་གྱི་རྣམ་དཔྱོད་ལྡན་པའི་ཚོང་ལས་སྒྲོམ་གཞི་གུ་ཡངས་དང་རྒྱུན་གནས་ཐུབ་པའི་རང་བཞིན་བཟོ་དགོས་པ་མ་ཟད། ཁྲོམ་རའི་དགོས་མཁོ་ལ་སོགས་པའི་ཆ་རྐྱེན་ཁག་ལ་རྒྱུས་ལོན་མཐིལ་ཕྱིན་པ་དགོས་པ།
༣། ཚོང་ལས་དེ་ཡིས་བོད་མིའི་སྤྱི་ཚོགས་ཁྱོན་ལ་ལེགས་སྐྱེས་ཀྱི་ཞབས་འདེགས་ག་ཚོད་གྲུབ་ཐུབ་མིན་གྱི་ཤུགས་རྐྱེན།
༤། ཚོང་ལས་དེ་ཡིས་བོད་མི་གཞན་ག་ཚོད་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་མིན་གྱི་ནུས་པ།
༥། ཚོང་པ་སྒེར་རང་ཉིད་ཀྱི་རྣམ་དཔྱོད་རིན་ཐང་དང་དམིགས་ཡུལ་ལྡན་པའི་སེམས་ཤུགས་འཁྱེར་ཕྱོགས།
༦། ཚོང་ལས་ཀྱི་མ་དངུལ་བྱུང་དང་སོང་དེ་བཞིན་ཁེ་འབབ་སོགས་ཀྱི་སྔོན་རྩིས་འཆར་འགོད་ཁ་གསལ་དགོས་རྒྱུ། བཅས་ཡིན། །