༢༠༡༥ ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༣ ཉིན་བྷོ་སི་ཊོན་བོད་རིགས་ཚོགས་པས་བཀའ་ཤག་སྐབས་བཅུ་བཞི་པའི་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞིའི་དགོངས་དོན་ལྟར། ཨ་རུ་ནཱ་ཅལ་མངའ་ཁོངས་སུ་ཡོད་པའི་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ལ་གཟིགས་སྐྱོང་གནང་རྒྱུའི་ཆེད་འདུ་འཛོམས་གནང་འདུག སྐབས་དེར་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་གནང་བའི་གཞིས་ཆགས་ཁག་གི་ཐོ་གཞུང་ཁྲོད་རྒྱན་ཤོག་གི་ལམ་ནས་འདེམས་སྒྲུག་གནང་སྐབས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་མིང་ཐོན་འདུག
འདུ་འཛོམས་དེའི་ཐོག་ཨ་རི་སྐུ་ཚབ་དོན་ཁང་གི་ལས་བྱེད་ངག་དབང་ཡོན་ཏན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་བོད་རིགས་ཚོགས་པའི་རྒྱུན་ལས་དང་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བཀའ་ཤག་སྐབས་བཅུ་བཞི་པའི་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞིའི་གལ་གནད་སྐོར་ངོ་སྤྲོད་གནང་འདུག
སྐབས་དེར་བོད་རིགས་ཚོགས་པས་ཞལ་འདེབས་བསྡུ་རུབ་ཆེད་བོད་ཀྱི་གཞས་སྣ་འཁྲབ་སྟོན་གོ་སྒྲིག་གནང་སྐབས་ཁྱོན་མི་གྲངས་༢༠༠ བརྒལ་བས་ཞལ་འདེབས་ཕུལ་ཡོད་པ་མ་ཟད། འདུ་འཛོམས་སུ་ཕེབས་མ་ཐུབ་པ་རྣམས་ནས་ཀྱང་ཞལ་འདེབས་ཕུལ་འདུག རིང་མིན་ཨ་རིའི་སྐུ་ཚབ་དོན་ཁང་དང་བྷོ་སི་ཊོན་བོད་རིགས་ཚོགས་པ་གཉིས་ཀྱིས་སྤུན་སྲིང་གཞིས་ཆགས་ལས་གཞི་དངོས་སུ་ལག་བསྟར་ཆེད་ནང་སྲིད་ལས་ཁུངས་དང་འབྲེལ་བ་གནང་རྒྱུ་ཡིན་འདུག
དེ་ཡང་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞིའི་འོག་ཨ་རི་ནིའུ་ཡོཀ་དང་ནིའུ་འཇར་སི་བོད་རིགས་ཚོགས་པས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་དང་བྷན་ཌ་ར་ནོར་རྒྱས་གླིང་གཞིས་ཆགས་གཉིས་ལ་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཟིན་སྟབས། ད་ཐེངས་བྷོ་སི་ཊོན་བོད་རིགས་ཚོགས་པས་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞིར་རྒྱབ་སྐྱོར་གནང་མཁན་གཉིས་པ་དེ་ཆགས་ཡོད། ཨ་རིའི་སྐུ་ཚབ་དོན་ཁང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༥ ནས་ ༧ བར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཐེངས་ ༡༤ པ་གྲོང་ཁྱེར་པོ་ཊ་ལེན་ཌི་ནང་འཚོགས་སྐབས་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞིར་རྒྱབ་སྐྱོར་གང་མང་ཐོབ་ཆེད་བོད་རིགས་ཚོགས་པ་གཞན་ལ་འབོད་སྐུལ་གནང་འཆར་ཡོད་འདུག